ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > ངེད་ཀྱི་སྐོར།

ཤེས་རིག་གླིང་གི་སྒོ་འབྱེད་ལ་རྫོང་དཔོན་འབྲུག་རྩེས་གནང་བའི་གསུང་བཤད།

སྤེལ་དུས། 2013-02-03 12:27:16  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

རྣམ་པ་ཚོ། ལས་རིགས་ཁག་ནས་རེབ་གོང་ཤེས་རིག་གླིང་གི་སྒོ་འབྱེད་ལ་ཕེབས་པ་དགའ་བསུ་ཞུ། རེབ་གོང་རིག་པ་འབྱུང་བའི་ས་ཆ་འདིར། མི་གྲངས་འབུམ་ཕྲག་མང་བོ་ཡོད་ཅིང་། ཤེས་རིག་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་དགོན་སྡེ་དང་། སློབ་གྲྭ་སོགས་ཚན་ཁག་མང་བོ་ཡོད། འོན་ཀྱང་དུས་རབས་ཀྱི་གོམ་འགྲོས་དང་བསྟུན་ཏེ། སྔོན་ཐོན་རྒྱལ་ཁབ་ཁག་ལ་ཁ་ཕྱོགས་དགོས་ན། གཞུང་སྒེར་གང་ཡིན་ཡང་ཤེས་རིག་སློབ་གསོའི་གཞི་རྒྱ་ཇེ་ཆེར་གཏོང་དགོས། ཁྱད་པར་དུ་ད་ལྟའི་རིག་གསར་དག་ལ་ངེས་པར་དུ་སྦྱང་དགོས། ང་ཚོ་སྲིད་གཞུང་གིས་རང་ནུས་གང་ལྕོགས་སྒོས་མི་རིགས་ཀྱི་སློབ་གསོའི་ཕྱོགས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པས། ད་ལྟ་ཅུང་ཙམ་འཕེལ་རྒྱས་བྱུང་ཡོད། དཔེར་ན་འཛམ་གླིང་སྤྱི་སྐད་དུ་གྱུར་བའི་དབྱིན་ཇིའི་སྐད་ཡིག་དང་། གློག་ཀླད་སོགས་ཀྱི་ཤེས་བྱ་སློབ་གྲྭ་སོ་སོ་དང་། ལས་ཁུངས་སོ་སོ་ན་བེད་སྤྱོད་བྱེད་པ་འདི་རྣམས་ཡིན། ཡིན་ནའང་ད་ལྟའི་དུས་གསར་གྱི་སྤྱི་ཚོགས་ནང་། ཆབ་དཔལ་རིག་གསུམ་ཉིན་རེ་ལས་ཉིན་རེར་ཡར་རྒྱས་སུ་འགྲོ་བ་ཡང་མཐར་གཏུགས་ན། སློབ་གསོ་ལ་རག་མ་ལས་པ་གཅིག་ཀྱང་མེད། རྒྱུ་མཚན་འདི་དག་ལ་དམིགས་ནས། རེབ་གོང་ཤེས་རིག་གླིང་གི་འགན་འཛིན་པ་རྣམས་ཀྱིས་སློབ་གསོ་ལ་བརྩི་མཐོང་དང་། སློབ་གསོ་དོན་འཁྱོལ་ཡོང་བ་ལ། ལུས་སེམས་གཉིས་ཆར་གྱིས་དཀའ་ངལ་མང་བོ་བརྒྱབ་ཏེ། མིག་མཐོང་ལག་ཟིན་ཏུ་གྲུབ་པ་འདི། སྲིད་གཞུང་གི་ངོས་ནས་བཤད་ན། དགའ་འོས་པའི་དོན་བཟང་ཞིག་སྒྲུབ་པ་དང་། རེབ་གོང་མང་ཚོགས་ལ་མཚོན་ན། ཁྱེད་རྣམས་ལ་བཀའ་དྲིན་ཞུ་དགོས་པའི་བྱ་བ་རླབས་ཆེན་ཞིག་ཡིན། ཁྱད་པར་དུ་ཁོ་རང་ཚོའི་ཁེ་ཕན་དང་ལྟོ་གོས་ཀྱི་ཆེད་མ་ཡིན་པར། ས་གནས་འདིར་ཤེས་ལྡན་པ་སྐྱེད་བསྲིངས་བྱས་ཏེ། རྒྱལ་ཁབ་དང་མི་དམངས་ལ་མཁོ་བའི་མི་སྣ་མཁོ་སྤྲོད་བྱེད་པ་ནི། ཆེས་གཟི་བརྗིད་ལྡན་པའི་བྱས་རྗེས་ཡིན། འོན་ཀྱང་ང་ཚོའི་སྲིད་གཞུང་གིས་ཁྱེད་ཚོ་ལ་རོགས་རམ་ཆེར་བྱེད་མི་ཐུབ་ཀྱང་། ཡུལ་རེབ་གོང་འདིར། རིག་མཛོད་ཀྱི་ལྟེ་གནས་ཞིག་མི་སྒེར་གྱིས་ཚུགས་ཐུབ་པ་འདི་ལ། ང་ཚོས་ཀྱང་དགའ་སྤྲོ་ཆེར་བསྐྱེད་ཀྱིས་ཆོག་མཆན་གནང་བ་སོགས། ད་ཐེངས་རོགས་རམ་ཕྲན་བུ་རེ་ལས་མ་ཐུབ་ཀྱང་། རྗེས་སོར་རིམ་གྱིས་རྒྱབ་སྐྱོར་བྱེད་པའི་འདུན་པ་ཆེན་པོ་ཡོད། ཁྱེད་རྣམ་པས་བྱ་ལས་གང་ལ་ཧུར་བརྩོན་དང་། རེབ་གོང་མང་ཚོགས་ཀྱི་འདོད་བློ་མུ་མཐུད་དུ་བསྐོང་རྒྱུ་ང་ཚོ་ཚང་མའི་རེ་བ་ཡིན། མཐར་འདིར་ཡོད་ཀྱི་སྐུ་མགྲོན་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ།