ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > ངེད་ཀྱི་སྐོར།

རེབ་གོང་ཤེས་རིག་གླིང་འཛུགས་དགོས་པའི་དམིགས་ཡུལ།

སྤེལ་དུས། 2013-03-20 11:47:28  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

རེབ་གོང་རིག་པ་འབྱུང་བའི་ཡུལ་ཁམས་འདི་ལ་མཚོན་ན། མི་གྲངས་ཁྲི་འབུམ་མང་བོ་ཡོད་པ་དང་། བོད་རིགས་ཀྱི་བརྒྱ་ཆའི་དགུ་བཅུ་ཡན་ཆད་ཟིན། གནས་འདི་ན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ། རོང་བོ་དགོན་ཆེན་དཀྱིལ་སྙིང་དུ་བཟུང་སྟེ། ལྷོ་ན་ཁུལ་མི་རིགས་སློབ་འབྲིང་གཉིས་པ་དང་། བྱང་ན་དབྱི་ཧྥུ་མི་རིགས་སློབ་འབྲིང་དང་ཁུལ་མི་རིགས་སློབ་འབྲིང་དང་བོ། ཁུལ་བོད་སྨན་སློབ་གྲྭ། བཅའ་སྡོད་སློབ་ཆུང་བཅས་དང་། ཤར་གྱི་དགུ་ཆུའི་ཕར་ཁ་ན་རྫོང་མི་རིགས་སློབ་འབྲིང་སོགས་སློབ་གྲྭ་མང་པོ་ན་རིག་གནས་སྦྱངས་པ་མཚམས་མ་ཆད་པར་ཡོད་ལ། སློབ་གྲྭ་དེ་དག་ནས་སློབ་མཐར་ཕྱིན་པའི་སློབ་མ་དག་ཀྱང་རིག་གནས་ཀྱི་ཆུ་ཚད་ངེས་ཅན་ཞིག་ལ་སོན་ཡོད། དེ་བས་རེབ་གོང་ལ་མཚོན་ན་རིག་གནས་སྦྱངས་མཁན་དང་དོ་སྣང་ཆེ་བ་ཇེ་མང་ཡིན་པར་མ་ཟད།?ཕྱོགས་ཡས་མས་ནས་སླེབས་པའི་དོན་གཉེར་ཅན་ཡང་ཧ་ཅང་མང་། ཡིན་ནའང་། ང་ཚོར་དྲ་རྒྱའི་དུས་རབས་དང་། གཞན་སྐད་ཀྱི་རིག་གཞུང་། རིག་གནས་སྔོག་འདོན། བོད་ཀྱི་རིག་གཞུང་ཁྱབ་རྒྱ་ཇེ་ཆེར་གཏོང་བའི་ཆ་རྐྱེན་མེད་པར་མ་ཟད། ཐ་ན་བོད་ཡིག་རང་ལའང་འཐུས་ཚང་གི་དཔེ་མཛོད་ཁང་ཞིག་མེད་པས། སློབ་གསོ་ཡར་རྒྱས་ཀྱི་ཕྱོགས་ལ་གོམ་ཁ་ཇེ་ལྷོད་དུ་བཏང་ཡོད་པ་རེད། དེ་བས་ང་ཚོའི་རིག་གནས་དང་སློབ་གསོའི་སྐོར་ལ་ཞབས་ཞུ་རེ་བསྒྲུབ་ཐུབ་ན་སྙམ་པའི་རེ་བ་བརྒྱབ་ཏེ། སྲིད་གཞུང་ལ་ཡར་ཞུ་བརྒྱུད་ པས། སྲིད་གཞུང་གིས་བྱམས་བརྩེ་ཚད་མེད་པས་ཆོག་མཆན་གནང་སྟེ། རེབ་གོང་ཤེས་རིག་གླིང་གསར་འཛུགས་བྱུང་བ་འདི་སྲིད་གཞུང་དང་ང་ཚོ་མི་སྒེར་གྱི་གཟི་བརྗིད་ཅིག་ཏུ་རྩིས་ཆོག རང་ཅག་གི་ཤེས་རིག་གླིང་འདི་ནི་རེབ་གོང་རྫོང་ཐོག་ན་ཡོད་ལ། ཁང་བ་སུམ་ཐོག་ཅན་མུས་གྲུ་བཞི་མ 2000 ཡོད་པ་དེ་སྒོར་ཁྲི་ལྔ་བརྒྱ་ལྔ་བཅུ་ལྷག་གི་ཁང་བ་ཡིན། ཁང་བ་འདིའི་འོག་ཁང་ཐམས་ཅད་དཔེ་མཛོད་ཁང་ཡིན་ལ། དཔེ་ཆ་ལ་མཚོན་ནའང་། བོད་ཁམས་ཡོངས་དང་། རྒྱལ་ཁབ་ཕྱི་ནང་ཀུན་ནས་ཡིག་རིགས་སྣ་ཚོགས་ཀྱི་དཔེ་ཆ་དང་། ཁྱད་པར་དུ་བོད་ཁམས་ཀྱི་གྲུབ་མཐའ་རིས་མེད་ཀྱི་མཁས་དབང་སོ་སོས་མཛད་པའི་བཀའ་རྩོམ་བསྡུ་སྒྲིག་བྱས་ཡོད་པར་མ་ཟད། ཐ་ན་དམངས་ཁྲོད་ཀྱི་སྣང་བརྙན་གསོན་པོར་བཞེངས་པའི་སྒྲུང་གཏམ་དང་ཁ་མཚར། ས་དཔྱད་སོགས་གནའ་བོའི་དཔེ་རྙིང་སྣུམ་ཟད་ཀྱི་མར་མེ་བཞིན་གྱུར་བ་མང་བོ་འཚོལ་སྡུད་བྱས་ཏེ། ད་ལྟ་དཔེ་ཆ་མི་ཉུང་བ་ཞིག་བསྡུས་ཡོད། དེ་ལས་གཞན་བོད་ཀྱི་རིག་གནས་གཞན་དག་ལའང་ཞབས་ཞུ་མི་ཉུང་བ་བསྒྲུབས་པས་སྤྱི་ཚོགས་སྟེང་དགའ་བསུ་ཆེན་པོ་འཐོབ་ཡོད།