ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > ངེད་ཀྱི་སྐོར།

སྲིད་གཞུང་ལ་སྙན་ཞུ་བརྒྱུད་ཆོག་མཆན་ཐོབ་པའི་རིམ་པ།

སྤེལ་དུས། 2013-03-20 11:49:11  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

    ང་ཚོས་རེབ་གོང་ཤེས་རིག་གླིང་འདི་ཐོག་མར་རྨང་འདིང་བ་ལ། སྲིད་གཞུང་གི་ཆོག་མཆན་མེད་ན་བྱ་ལས་གང་ལའང་འཐུས་ཚང་ཞིག་མི་འོང་བས། གོང་རིམ་འགོ་ཁྲིད་རྣམ་པར། རེབ་གོང་འདིར་རིག་གནས་ཀྱི་ཞབས་ཞུ་ཞིག་བསྒྲུབས་ཐུབ་ན་ཤེས་ལྡན་མི་སྣ་མང་བོ་སྐྱེད་བསྲིངས་བྱེད་ཐུབ་པར་མ་ཟད། མི་རིགས་ལའང་སྲི་ཞུ་གང་ནུས་རེ་སྒྲུབ་ཐུབ་པའི་སྙན་ཞུ་ཕུལ་དུས། སྲིད་གཞུང་གི་མགོ་ཁྲིད་རྣམ་པས་ ཐུགས་ཁུར་ཚད་མེད་གནང་སྟེ། རེབ་གོང་གི་ཡུལ་འདིར་རིག་གནས་ཕྱོགས་ཀྱི་ཞབས་ཞུ་གང་ལེགས་སྒྲུབ་ཐུབ་ན། ཁྱེད་ཅག་གི་ལག་རྗེས་ཡིན་པར་མ་ཟད། སྲིད་གཞུང་གི་གཟི་བརྗིད་ཞིག་ཀྱང་ཡིན་པས། བྱ་བ་ལེགས་པོ་འདུག་ཞེས་མ་འགྱངས་པར་ཆོག་མཆན་གནང་སྟེ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་ཚད་མེད་བྱས། དེ་བས་ང་ཚོས་ཀྱང་རང་ནུས་གང་ལྕོགས་ཀྱིས་ལོ་ངོ་བཅུ་ཕྲག་རིང་ལ་ལས་རིམ་བསྒྲུབས་པ་འདི་ལྟར།

༡ དཔེ་མཛོད་ཁང་། རེབ་གོང་ས་ཁུལ་འདིར་གནའ་ནས་ད་བར་བོད་ཀྱི་ཤེས་རིག་དར་ཡང་། འཐུས་སྒོ་ཚང་བའི་དཔེ་ མཛོད་ཁང་ཞིག་མེད་པས། ང་ཚོ་ཆད་པ་ཁ་སྐོང་གི་ཚུལ་དུ་རེབ་གོང་དཔེ་མཛོད་འདི་གཉེར་བས། བོད་རིག་པའི་བཀའ་རྩོམ་གནང་འདོད་པའི་མཁས་པ་རྣམས་ལ་དཔྱད་གཞིའི་རྒྱུ་ཆ་མཁོ་སྤྲོད་གནང་བ་དང་། བོད་རིག་པ་དོན་གཉེར་ཅན་རྣམས་ལ་དཔེ་ཆ་སྣ་མང་ལ་བལྟ་བདེ་བའི་ཆེད་དུ། བཀའ་བསྟན་དང་། གསུང་འབུམ། གྲུབ་མཐའ་རིས་མེད་ཀྱི་དཔེ་ཆ་སྣ་ཚོགས། དུས་དེབ། ཚགས་པར། སྣུམ་པར། ལག་བྲིས་སོགས་ཁྱོན་བསྡོམས་སྒོར་ཁྲི་ཉིས་བརྒྱ་ལྷག་གིས་བསྡུ་སྒྲིག་བྱས་ཡོད་པར་མ་ཟད། ང་ཚོས་ལོ་སྣ་ལོས་ མཐུད་དེ་དཀའ་བ་མང་བོ་ཁྱད་དུ་བསད་ནས་དགོན་གྲོང་མང་བོ་བསྐྱོད་དེ་དཀའ་ངལ་ལ་མ་འཛེམ་པར། ཐ་ན་དམངས་ཁྲོད་དགོན་སྡེ་ན་ལུས་པའི་དཔེ་རྙིང་དང་ངག་རྒྱུན་ཚུན་ཆད་བསྡུ་སྒྲིག་བྱས་ཡོད། ཀློག་པ་པོ་ལ་གཟིགས་བདེ་ཆེད་སྡེ་ཚན་བཀར་ནས་ཟུར་དུ་དཀར་ཆག་བསྒྲིགས་ཡོད་པ་དང་། བྲིན་སྒོ་ཆེ་ཕྱིར་ དཔེ་ཆའི་དཀར་ཆག་ཆ་ཚང་ཤེས་རིག་གླིང་གི་དྲ་བའི་སྟེང་དུའང་བཏང་ཡོད། རིམ་གྱིས་དཔེ་མཛོད་ཁང་འདི་དཔེ་སྣ་མ་འཛོམས་པ་མེད་པའི་ལྒིགས་བམ་གྱི་གན་མཛོད་ཞིག་ཏུ་བསྐྲུན་ཏེ། སྤྱི་ཚོགས་ཀྱི་འདོད་བློ་བསྐང་རྒྱུ་དང་། རྒྱུ་ཆ་རྣམས་བྲིན་སྒོ་རྒྱ་ཆེར་གཏོང་སླད་གློག་ལམ་ནས་ཡིག་མཛོད་བེད་སྤྱོད་གཏོང་བའི་ཐབས་ལམ་གཉེར་རྒྱུའི་འཆར་གཞི་ཡོད། ད་ལྟ་རེབ་གོང་དཔེ་མཛོད་ཁང་དུ་དཔེ་ཆ་བཞུགས་པའི་གྲངས་འབོར་ནི། བཀའ་འགྱུར་ཚར 2 བསྟན་འགྱུར་ཚར 2 བོན་གྱི་བཀའ་འགྱུར 1 བོན་གྱི་བརྟེན་འགྱུར་ཚར 1 གསུང་འབུམ་ཚར 115 སྣ་རིང་པོད 4300 སྣ་ཐུང་གི་དཔེ་ཆ་ཚར 1000 བོད་ཡིག་ལྕགས་པར་ཚར 51358 དུས་དེབ 2300 རྒྱ་ཡིག་གི་དཔེ་ཆ 5158 དབྱིན་ཡིག་གི་དཔེ་ཆ 824 གཞན་ཡང་ཚགས་པར་དང་ལག་བྲིས། དཔེ་རྙིང་། རི་མོ་སྣ་ཚོགས་བཞུགས་ལ། དཔེ་ཆ་ཀློག་པ་པོ་ཞབས་ཞུ་བསྒྲུབས་པའི་གྲངས་ནི། དཔྱད་གཞིའི་རྒྱུ་ཆ་མཁོ་འདོན་གནང་བའི་མི་ གྲངས9321 དཔེ་ཆ་གཡར་བའི་མི་གྲངས 31235 དཔེ་ཆ་བལྟ་ཀློག་གི་མི་གྲངས 67321 གླ་རིན་སྐར་གང་མ་བླངས་པར་བསྐྱར་པར་བརྒྱབ་པའི་ཤོག་གྲངས17218བཅས་སོ།། ཁྱོན་བསྡོམས་བོད་རྒྱ་དབྱིན་གསུམ་གྱི་དཔེ་ཆའི་གྲངས་ག་ཁྲི་67791ཡོད།

༢ ཟབ་སྦྱོང་སློབ་གྲྭ  ང་ཚོས་ཕྱོགས་ཡོངས་ནས་སློབ་གསོའི་སྤུས་ཚད་གོང་འཕེལ་གཏོང་ཆེད། རེབ་གོང་ཤེས་རིག་གླིང་ནས་དབྱར་དགུན་གྱི་གུང་གསེང་བེད་སྤྱད་དེ་གློག་ཀླད་དང་རྒྱ་བོད་ཀྱི་ཡི་གེ་དཀྱིལ་སྙིང་དུ་བཟུང་ནས། 2003 ལོ་ནས 2012བར་ཟབ་སྦྱོང་སློབ་གྲྭ་གཉེར་བཞིན་ཡོད། དེ་ཡང་སློབ་ཁྲིད་དང་སྒྲིག་ལམ་ནན་འཛིན་དང་སྤུས་ཚད་སོགས་ཕྱོགས་ཡོངས་ནས་གོང་འཕེལ་གཏོང་སླད། སློབ་གྲྭའི་སྒྲིག་གཞི་དང་དོ་དམ་བྱེད་སྟངས་གཏན་ལ་ཕབ་སྟེ། ལྷག་བསམ་ཆེ་ཞིང་བསླབ་བྱ་གང་སློབ་པ་ལ་ཆེད་མཁས་དགེ་རྒན་གདན་དྲངས་ཏེ། དགེ་རྒན་གྱི་འཆད་ཐབས་དང་སློབ་མའི་སྦྱངས་བརྩོན་ཟུང་འབྲེལ་བྱས་ནས། ཤེས་ལྡན་མི་སྣ་བསྐྱེད་བསྲིངས་བྱེད་གིན་ཡོད་པར་མ་ཟད། ཞོར་དུ་གློག་ཀླད་ཀྱི་ཤེས་བྱ་དང་སྐད་རིགས་གཞན་པ་མང་བོ་སྦྱངས་བརྩོན་བྱས་ཏེ་དུས་རབས་གསར་བའི་ཁ་ཕྱོགས་དང་བསྟུན་ཅི་ཐུབ་བྱེད་གིན་ཡོད་ལ། དེ་ལས་གཞན་ཕྱོགས་ཡས་མས་ནས་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་མང་བོ་གདན་དྲངས་ནས་སློབ་མའི་ཤེས་ཡོན་མཐོར་འདེགས་གཏོང་བའི་བྱེད་ཐབས་དང་། སློབ་གསོའི་བརྒྱུད་རིམ། སློབ་སྒྲུབ་ཉམས་མྱོང་། མི་གཤིས་དང་ཀུན་སྤྱོད། འཕྲོད་བསྟེན་གྱི་སྐོར་སོགས་འཆད་ཁྲིད་གནང་གིན་ཡོད། ཟབ་སྦྱོང་གི་རྗེས་སུ་སློབ་མའི་རྒྱུགས་འབྲས་དང་ཀུན་སྤྱོད་ལ་གཞིགས་ཏེ་བྱ་དགའ་གནང་ནས། སློབ་སྦྱོང་ལ་སྐུལ་ལྕག་ཐེབས་པའི་བྱེད་ཐབས་སྤྱད་དེ་སྦྱངས་འབྲས་ཕུན་སུམ་ཚོགས་པ་འཐོབ་ཡོད་པས། སྤྱི་ཚོགས་སྟེང་དགའ་བསུ་ཆེན་པོ་འཐོབ་ཡོད།  ལོ་ངོ་བཅུའི་རིང་གི་ཟབ་སྦྱོང་སློབ་གྲྭའི་སྤྱི་སྡོམ་ནི།  ལོ་རེར་དགེ་རྒན་གདན་དྲངས་པའི་གྲངས 20 སྤྱི་སྡོམ་པའི་དགེ་རྒན 200 ལོ་རེར་འཛིན་གྲྭ 8 འཛིན་གྲྭ་རེར་སློབ་མ 60 ལོ་རེར་སློབ་མ480 ལོ་ངོ་བཅུའི་རིང་སྤྱི་སྡོམ་པའི་སློབ་མ4800 ཟབ་སྦྱོང་བྱས་ཏེ་རེབ་གོང་གི་སློབ་གསོ་ལ་ཞབས་ཞུ་ལེགས་པར་བསྒྲུབས།

༣ བོད་རིག་པའི་དཔྱད་གླེང་། མི་རིགས་དང་ལུང་པ་གང་ཡིན་རུང་རང་གི་རིག་གཞུང་ལ་བརྟེན་ནས་དུས་རབས་ཀྱི་རྗེས་སུ་བསྙེགས་པ་ནང་བཞིན། ང་ཚོ་གངས་ཅན་པ་ཡང་སྔོན་བྱོན་མེས་པོ་ཚོའི་ཤུལ་བཞག་རིག་གནས་ལ་གཞི་བཅོལ་ཏེ་གསར་བྱུང་རིག་གནས་ཀྱི་ཐབས་ལམ་ལ་བརྟེན་ནས་འཛམ་གླིང་ལ་ཁ་ཕྱོགས་དགོས་པ་ནི། དུས་ཚོད་ཀྱིས་བྱིན་པའི་ལས་སྐལ་ཡིན་པར་མ་ཟད། ང་ཚོ་ཤེས་ལྡན་མི་སྣའི་ཕྲག་ཏུ་བབས་པའི་འོས་འགན་ཞིག་ཀྱང་ ཡིན། དེ་བས་སྲིད་གཞུང་གི་མགོ་ཁྲིད་རྣམ་པའི་རྒྱབ་སྐྱོར་དང་ང་ཚོས་ཀྱང་ལག་བསྟར་བྱས་པ་ལ་བསྟེན་ནས། མཁས་བརྒྱ་འགྲན་གླེང་གི་བགྲོ་གླེང་ལ་བརྟེན་ཏེ། དུས་རབས་ཀྱི་སྟོང་ཆ་སྐོང་ཐུབ་ན། མི་རིགས་བློ་དཀར་ཞིང་རིག་གནས་འཕེལ་རྒྱས་ཀྱི་དན་རྟགས་ཞིག་ཀྱང་ཡིན། དེ་བས། ང་ཚོ་རེབ་གོང་ཤེས་རིག་གླིང་གིས་ལོ་མང་རིང་། ཆོལ་ག་གསུམ་གྱི་མཁས་དབང་དང་བསམ་བློ་བ། དགེ་རྒན་ཆེན་མོ། གཙོ་བྱས། མི་རིགས་གཞན་གྱི་བོད་རིག་པ་དོན་གཉེར་ཆེ་བའི་མཁས་དབང་གདན་དྲངས་ཏེ། བོད་ཀྱི་རིག་ གཞུང་དང་། སློབ་གསོ། ཁྲིམས་ལུགས། འཕྲོད་བསྟེན། སྤྱི་ཚོགས་དཔྱད་བརྗོད་སོགས་སྣ་སྒོ་མོ་དཔྱད་གླེང་གནང་བས། སྤྱིར་བོད་ཀྱི་རིག་གཞུང་དར་སྤེལ་དང་། སྒོས་སུ་རེབ་གོང་གི་རིག་གནས་དང་སློབ་ གསོའི་ཐད་ལ་ཞབས་ཞུ་བཟང་བོ་ཞིག་བསྒྲུབས་ཐུབ་པ་བྱུང་བས། རྩོམ་པ་པོ་དང་། བསམ་བློ་བ། ཞིབ་ འཇུག་པ། སློབ་མ་དང་མང་ཚོགས་དག་ལ་ཕན་ཐོགས་ཆེན་པོ་བྱུང་བ་ལས་གཞན། བསམ་བློ་བརྗེ་རེས་ཐུབ་པའི་གསེར་ཟམ་ཞིག་ཏུ་འགྱུར་བཞིན་ཡོད།  ད་སྔ་ཕན་ཆད་དུ་དཔྱད་གླེང་ཐེངས 50 གནང་བ་དང་། མཁས་དབང་ 80 ལྷག་སྤྱན་དྲངས། ཉན་མཁན་ 6250 འདུས།

༤ ཨ་མའི་རེ་བའི་དགེ་རྩ་ཚོགས་པ། དེང་སང་འཛམ་གླིང་ཡོངས་ན་ཁེ་ལས་དཔལ་འབྱོར་རྒྱ་མཚོ་བཞིན་འཕེལ་རིམ་ཁྲོད། འགྲོ་བ་མིའི་ རིགས་ཀྱི་བསམ་བློ་དང་འདུ་ཤེས། སློབ་སྦྱོང་གི་གོ་སྐབས་རེག་པ་ཡང་གཙོ་ཆེ་ཤས་དཔལ་འབྱོར་དང་ འབྲལ་ཐབས་མེད་པའི་ཚོད་དུ་ལྷུང་ཡོད་པ་ཀུན་གྱིས་མཁྱེན་གསལ་ཡིན། དེ་བས་ང་ཚོའི་ཡུལ་ཕྱོགས་ འདིར་དཔལ་འབྱོར་གྱི་རྗེས་ལུས་ཐེབས་ཏེ། ཡར་རྒྱས་ཀྱི་འཕར་རྩ་ལྷོད་པ་ཡང་། སློབ་སྦྱོང་བྱེད་མ་ཐུབ་ པའི་བཀག་རྒྱ་ལ་བརྟེན་ནས་ཡོང་གི་ཡོད། དེ་བས་བོད་ཁམས་ཀྱི་ལུང་བ་སོ་སོ་ནས་དྭ་ཕྲུག་དང་། ཞིང་ འབྲོག་གི་བྱིས་པ་མང་པོ་སློབ་ཡོན་གྱི་བཀག་རྒྱར་འཕྲད་དེ། སློབ་གྲྭ་ཆེན་མོ་ཕར་ཞོག སློབ་འབྲིང་ཙམ་ ཡང་འགྲིམས་མི་ཐུབ་པ་ནི་མིག་སྔར་གྱི་གནས་ཚུལ་ཡིན་པར་མ་ཟད། ཁྱད་པར་དུ་ཕོ་མཆོག་མོ་དམན་གྱི་སྲོལ་རྙིང་མཁྲེགས་བཟུང་བྱས་ཏེ་བུད་མེད་ཚོར་སློབ་སྦྱོང་བྱེད་པའི་གོ་སྐབས་མ་མཆིས་པ་ནི། འཛམ་གླིང་མཐོང་པའི་བློ་རྒྱ་ཅན་ཚོའི་མིག་ལམ་ན། ཆེས་ཐབས་སྡུག་པོ་དང་སྙིང་རྗེ་བ། རྙིང་ཞེན་གྱི་ཚི་དྲེག་ འཐུལ་བ་ཞིག་ལས་མ་འདས། ང་ཚོའི་གོང་གསལ་གྱི་གཡོན་ལྷུང་གི་ལྟ་བ་དེ་གཞོལ་བ་ལ་སྤྱི་ལོ་ཉིས་སྟོང་གསུམ་ལོ་ནས་བཟུང་མ་དངུལ་འབོར་ཆེན་བཏང་སྟེ་ན་གཞོན་བུ་མོ་སྐོར་ཞིག་ལ་སློབ་ཡོན་ཆ་ཚང་སྤྲད་དང་སྤྲོད་བཞིན་ཡོད་པ་ཡིན། གཞན་ཡང་སློབ་ཡོན་ལ་དཀའ་ངལ་འཕྲད་པའི་སློབ་མ་ཚོས་ང་ཚོའི་རེབགོང་ཤེས་རིག་གླིང་ལ་འབྲེལ་གཏུགས་བྱས་ན། ང་ཚོས་གདམས་གསེས་བརྒྱུད་ལྕོགས་ཚོད་ཀྱིས་མཐུན་རྐྱེན་སྒྲུབ་ངེས་ཡིན། ཡིན་ནའང། མ་དངུལ་འདི་ལས་སླ་མོ་དང་ཚེགས་མེད་དུ་རྙེད་ཐུབ་པ་ཞིག་མ་ཡིན་སྟེ། འདིའི་རྒྱུའི་རེབ་གོང་ལྕང་སྐྱའི་ཨ་མ་རྒན་མོ་གསོན་ཐར་གྱི་ངལ་རྩོལ་དང་དཀའ་སྡུག་ལས་ཐོན་པའི་ལྷགས་བསམ་གྱི་རྣམ་ཤེས་ཞུགས་ཡོད་ལ། དུས་ཀྱི་ཀུན་སློང་ལ་ཨ་མ་རྒན་མོ་གསོན་ཐར་སྐྱིད་ཀྱིས་རེ་བའི་ལྷག་འཕྲོ་ ང་པའི་བུ་དང་བུ་མོ་སྐོར་ཞིག་གི་བློ་སྤོབས་དང་ ཁྲེལ་གཞུང་སིམ་ཡོད་པས། སློབ་ཡོན་སྤྲོད་དང་སྤྲོད་འགྱུར་གྱི་སློབ་མ་རྣམས་ཀྱིས་རེ་བ་འབྲས་མེད་དུ་མི་གཏོང་བར་སློབ་ལ་འགྲུས་པ་གནད་ཀྱི་དོན་ནོ། ཨ་མའི་རེ་བའི་དགེ་རྩ་འདི་ནི། བུད་མེད་ལ་སློབ་ཡོན་རོགས་རམ་བྱེད་པའི་ལས་འཆར་ཞིག་ཡིན་པ་དང་། དེ་ཡང་རང་རེའི་བོད་ནང་དུ་སློབ་སྦྱོང་དང་། མི་གཤིས། བྱ་ལས་གང་ལ་འཇོན་པོ་ཡིན་ནའང་། ཁྱིམ་ ཚང་གི་དཔལ་འབྱོར་ཆ་རྐྱེན་ཞན་པས་སློབ་ཞུགས་བྱེད་རྒྱུར་དཀའ་ངལ་འཕྲད་ཡོད་པའི་བུད་མེད་སྐོར་ཞིག་ལ་སློབ་གྲྭ་ཆེན་མོ་དང་། མཐོ་འབྲིང་སློབ་གྲྭའི་སློབ་སྦྱོང་གི་མཐུན་རྐྱེན་སྦྱར་ནས་དཀའ་ཁག་སེལ་ རོགས་དང་། བུད་མེད་རྣམས་ཀྱི་གནས་སྟངས་དང་། ཤེས་ཡོན་སློབ་གསོ་ཡར་རྒྱས་གཏོང་བཞིན་ཡོད།  ད་སྔ་ཕན་ཆད་དུ་སློབ་ཆེན་སློབ་མ 70 དང་། མཐོ་འབྲིང་སློབ་མ 200 དང་། དྭ་ཕྲུག་སློབ་མ 45 སློབ་ཡོན་རོགས་དངུལ་བྱས་བྱས་པས།

༥ གནའ་ཆས་དང་འོད་སྡེར། གོ་ལ་ཟླུམ་པོ་འདིར་མི་རིགས་ཤིག་ཡུན་རིང་འཚོ་སྡོད་བྱེད་པ་ལ། མི་རིགས་དེའི་སྐད་ཡིག་དང་། ཁྱད་ པར་དུ་ཡུལ་སྲོལ་གོམས་འདྲིས། འཚོ་བ་རོལ་བྱེད་ཀྱི་ཅ་ལག་ཡོ་བྱད་བཅས་ཀྱིས་རང་རྐྱ་ཕེར་བའི་མི་རིགས་ཤིག་ར་སྤྲོད་བྱེད་ཐུབ་པ་ཡིན། དཔེར་ན། ཉིང་ཁྲི་ས་ཁུལ་ནས་ཉེ་རབས་རུས་པ་ཐོན་པ་ཞིབ་འཇུག་བྱས་པས། ལོ་བཞི་སྟོང་ལྷག་གི་གོང་གི་ཉིང་ཁྲི་གདོད་མའི་སྤྲ་རིགས་ཡིན་པར་ཐག་བཅད་པ་དང་། གཞན་ཡང་དིང་རི་། ཆབ་མདོ་ཁ་རུབ། ཏུའུ་ལན་སོགས་ལས་ཐོན་པའི་རྡོ་ཆས་དང་རྫ་ཆས། རུས་ཆས་ཀྱི་དབྱིབས་དང་བཟོ་རྩལ་མི་འདྲ་བ་འབོར་ཆེན་ཐོན་པ་རྣམས། ལོ་ངོ་ཁྲི་སྟོང་ལྷག་གི་སྔོན་གྱི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་པའི་རིན་ཐང་ཅན་དུ་གྱུར་བ་ལྟ་བུ་ཡིན། ང་ཚོས་ཀྱང་རེབ་གོང་གི་གདོད་མའི་འཚོ་བ་ མཚོན་པའི་ཡོ་བྱད་དང་། གནའ་མིའི་སོར་རྩེ་ལས་བྱུང་བའི་དངོས་པོ་གང་མང་བསྡུ་གཉེར་བྱས་ཏེ། བོད་མི་རིགས་ཀྱི་གོམས་གཤིས་དང་འཚོ་བ་ཉམས་འགྲོ་བ་དག་ལ། ཕྱིར་དྲན་གྱི་ཚུལ་གྱིས་བསྡུ་སྒྲིག་བྱས་ཡོད་པར་མ་ཟད། གཞན་ད་དུང་ང་ཚོས་རེབ་གོང་ཤེས་རིག་གླིང་དུ་བརྡ་དག་གསལ་གསུམ་ཚང་བའི་བོད་ཀྱི་མཁས་དབང་རྣམས་ཀྱི་བཤད་ཁྲིད་གནང་བའི་སྒྲ་ཐག་དང་། འོད་སྡེར། མི་རིགས་ཤིག་གི་འཚོ་བའི་བླ་སྲོག་ཞུགས་པའི་འཚོ་བའི་སྣང་བརྙན་གསོན་པོར་བཞེངས་པའི་ལྷ་རྩེད་དང་། ཀླུ་རྩེད། དམག་རྩེད། ཟློས་གར་འཁྲབ་སྟོན། གླུ་དང་རྡུང་ལེན་སོགས་སྲོལ་རྒྱུན་རིག་གནས་ཀྱི་འོད་སྡེར་ཡང་བསྡུ་གཉེར་བྱས་ཏེ་ཡུལ་སྐོར་བ་དང་ལོ་རྒྱུས་ཞིབ་འཇུག་རྣམ་པར། མིག་གི་སྤྱོད་ཡུལ་དུ་གྱུར་བའི་འགྲེམས་སྟོན་ཁང་ཞིག་བཙུགས་ཡོད་པར་མ་ཟད། འོད་སྡེར་སོགས་གཡོར་བ་དང་། དཔེ་ཁྲིད་དང་གླུ་གར་སོགས་ཉན་འདོད་པ་དག་ལ་ལོགས་སུ་ཁང་བ་གོ་སྒྲིག་བྱས་ཏེ་ཞབས་ཞུ་གང་ལེགས་སྒྲུབ་བཞིན་ཡོད།  ད་ཡོད་ཀྱི་གནའ་ཆས་དང་འོད་སྡེར་གྱི་རྣམ་གྲངས་ནི། གནའ་ཆས་རིགས་མི་འདྲ་བ 1200 དང་། དཔེ་ཁྲིད་ཀྱི་སྒྲ་ཐག 671 དང་། དཔེ་ཁྲིད་ཀྱི་འོད་སྡེར 732 དང་། གླུ་དང་རྡུང་ལེན་སོགས་ཀྱི་སྒྲ་ཐག 457 དང་། གླུ་དང་རྡུང་ལེན་གྱི་འོད་སྡེར 398 ཡོད།

༦ གནའ་དཔེ་དང་གསར་རྩོམ་པར་སྐྲུན།  སྔོན་བྱོན་མཁས་པའི་བཀའ་རྩོམ་ཁྲོད། ད་ལྟ་དཔེ་རྒྱུན་ཆད་ལ་ཉེ་བ་རྣམས་ཀྱི་སྲོག་ཟུངས་ཡུན་རིང་དུ་བསྲིངས་པ་ནི་ང་ཚོ་ཕྱི་རབས་པའི་འོས་འགན་དང་། རང་ཅག་གི་ལས་འཕྲོར་བཞག་ཡོད། དེ་བས་ང་ ཚོས་ཉིས་སྟོང་གསུམ་ནས་བཟུང་། དེའི་སྐོར་པར་འདེབས་ཀྱི་དབུ་ཚུགས་པར་མ་ཟད། མེད་པ་ཁ་སྐོང་གི་ཚུལ་དུ་ཕྱི་ཐོགས་མཁས་པའི་གསུང་རྩོམ་རྣམས་ཀྱང་། ལོ་རེ་བཞིན་མ་དངུལ་ཆ་ཚང་བཏང་ནས་པར་སྐྲུན་གྱི་བྱ་ལས་གཉེར་བཞིན་ཡོད།  ད་སྔ་ཕན་ཆད་དུ་དགེ་རྒན་ཆེ་མོ་རྡོ་རྗེ་རྒྱལ་གྱིས་བརྩམས་པའི་[འཛམ་གླིང་དུང་ཟླ་དཀར་པོ]དང། ལྕང་སྐྱ་དགེ་འདུན་བཀྲ་ཤིས་ཀྱིས་བརྩམས་པའི[བརྡ་དག་ཕྱེ་མ་ལེབ་ཀྱི་མཆན་འགྲེལ་དང་སུམ་རྟགས་ཀྱི་དྲིས་ལན]གཉིས་པར་སྐྲུན་བྱས་ལ། ད་དུང་མ་དངུལ་འཛོམས་ན་མུ་མཐུད་དུ་དཔེ་རྙིང་དང་གསར་རྩོམ་པར་སྐྲུན་བྱེད་རྒྱུའི་འཆར་གཞི་ཡོད།  2011ལོ་ཤེས་རིག་གླིང་གི་ཁང་བའི་དམངས་གཞི་སྟེང་དམངས་སྒོར་ཁྲི་བརྒྱ་དང་ལྔ་བཏང་ནས་ལེགས་འགྲུབ་བྱུང་ཡོད།

༧ ང་ཚོས་ལོ་ངོ་བཅུ་ཕྲག་གི་རིང་ལ་ཤེས་རིག་གླིང་གི་ལས་བཟོ་རྣམས་ཀྱི་དཀའ་སྡུག་དང་འབད་བརྩོན་སྲིད་གཞུང་རྒྱབ་སྐྱོར་སྦྱིན་བདག་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་དམངས་སྒོར་འབོར་ཆེན་བཏང་ནས་རེབ་གོང་ཤེས་རིག་གླིང་འདིར་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཐད་ཀྱི་ལས་གཞི་སྣ་ཚོགས་སྒྲུབ་ཏེ་སྤྱི་ཚོགས་སྟེང་དགའ་བསུ་ཆེན་པོ་འཐོབ་ཡོད། མ་འོངས་བ་ན་གཞི་རྒྱ་སྔར་ལས་ཇེ་ཆེ་དང་ཞབས་ཞུའི་རྣམས་གྲངས་སྔར་ལས་ཇེ་མང་དུ་བཏང་ཏེ་རིག་གནས་འཕེལ་རྒྱས་སུ་གཏོང་བ་དང་། ས་ཁུལ་འདི་རྒྱལ་ཡོངས་བོད་རིག་གནས་ཀྱི་གནས་གཞི་བཟང་པོ་རུ་འཛུགས་སྐྲུན་བྱེད་རྒྱུ་ང་ཚོ་ལ་ཡིད་ཆེས་ཟབ་མོ་ཡོད།

རེབ་གོང་ཤེས་རིག་གླིང་གི
2012.5.17

所在地址。中国黄南同仁县热贡文化服务中心。隆务中街279号。
办公室。0973-8797138 18809739222
电子邮件. Rebgonglibrary@yahoo.com www.rebgongcul.com