ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > སྒྱུ་རྩལ།

ལ་གཞས་མཐུན་པ་དྲུག་སྐོར་ལས། མཐུན་པའི་སྐོར།

སྤེལ་དུས། 2013-08-27 09:16:00  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

 


༡༦༡རྟ་དཀར་བོའི་གོམ་པ་རྒྱུག་ནི་གིས།།

ལྕག་ངར་མ་ལག་ལ་བདེ་ནི་གིས།།

རྟ་བདག་རྒད་པོས་ཅི་ཟེར་རམ།།

རྟ་རྒྱུག་རྒྱུ་མང་ཐལ་ཨེ་ཟེར་རམ།།

 

ཁྱོད་བྱི་ལི་མིག་ལ་ཡག་ནི་གིས།།

ང་བྱི་མོ་འགྲོག་དགའ་ཆེ་ནི་གིས།།

རྒྱུ་བྱིན་ཆུང་མས་ཅི་ཟེར་རམ།།

རོགས་རྩེ་རྒྱུ་མང་ཐལཨེ་ཟེར་རམ།།

 

༡༦༢རྟ་ཁྱོད་དང་འུ་གཉིས་རྒྱུག་ནི་གིས།།

ས་སྐྱ་མོ་ལམ་འདི་བདེ་ནི་གིས།།

རྟ་འདོ་བའི་ཁ་གྲངས་མང་རུང་།།

རྟ་གཞན་ལ་རྒྱུག་ན་མི་འདོད།།

 

རོགས་ཁྱོད་དང་འུ་གཉིས་རྩེ་ནི་གིས།།

གྲོང་རྩེ་བའི་ཁ་ཞེང་ཆེ་ནི་གིས།།

བུ་བུ་མོ་ཁ་གྲངས་མང་རུང་།།

རོགས་གཞན་ལ་རྩེ་ན་མི་འདོད།།

 

༡༦༣སྟོད་སོག་པོའི་རྟ་རའི་ནང་གི།

རྟ་བརྒྱ་དང་སྟོང་གི་གྲས་ནས།།

རྟ་གྲོ་རྒྱ་སྔོ་རྒྱ་ལྷང་རེད།།

ཁྱོད་ལྷང་ལ་བུད་ནས་རྒྱུག་ན།།

ང་རྟ་བདག་བྱི་ལིའི་འདོད་རེད།།

 

སྡེ་ཆེན་པོ་རྩེད་རའི་ནང་གི།

རོགས་བརྒྱ་དང་སྟོང་གི་གྲས་ནས།།

ཁྱོད་ཞེ་མཐུན་ཆུང་ལོ་ལྷང་རེད།།

ཁྱོད་ལྷང་ལ་བུད་ནས་རྩེ་ན།།

ང་བྱི་མོའི་སེམས་ཀྱི་འདོད་རེད།།

 

༡༦༤ང་གྱི་ལིང་གྲོ་རྒྱ་ཟེར་བ།།

ང་དང་མ་སྤང་རི་ཉུལ་དུས།།

རྟ་མ་རྒྱུག་བསམ་པ་མེད་མོད།།

ཁྱོད་འདྲ་འདྲའི་སྤང་གཞོང་བདེ་མོ།།

ང་ད་ཐེངས་མིན་ནས་མ་ཐུག།

 

ང་སྡེ་རུ་ཉུལ་གི་ཁ་འཁྱམ།།

སྡེ་ཆེན་པོའི་ཁ་རི་ཉུལ་དུས།།

རོགས་མ་རྩེ་བསམ་པ་མེད་མོད།།

ཁྱོད་འདྲ་འདྲའི་རྩེ་རོགས་སེམས་བཟང་།།

ང་ད་ཐེངས་མིན་ནས་མ་ཐུག།

 

༡༦༥ཐང་ཤོག་སྐྱ་འདྲ་བོའི་ཁུགས་ནས།།

གཡུ་དྲུག་དཀར་འདྲ་བའི་འདོ་བ།།

སྲབ་སིལ་མ་དལ་ལྷོད་ཤོར་རུང་།།
རྒྱུག་གོམ་པ་བརྗེད་དུ་མ་འཇུག།

 

སྡེ་ཤོག་སྐྱ་འདྲ་བའི་ཁུགས་ནས།།

རོགས་ལྷ་ཕྲུག་འདྲ་བའི་ཆུང་ལོ།།

ཚིག་སྙན་མོ་དལ་ལྷོད་ཤོར་རུང་།།

རོགས་ཞེ་མཐུན་བརྗེད་དུ་མ་འཇུག།

 

༡༦༦ཐང་ཤོག་སྐྱ་འདྲ་བོའི་ཁུགས་ཀྱི།།

རྟ་གཡུ་ཆུང་འདྲ་བོར་ཤོད་ལ།།

ཁྱོད་གཡས་རུ་བརྒྱུད་ལ་ཤོག་དང་།།

ངའི་རྩྭ་མགོ་བད་ཀྱིས་བསྐམས་མེད།།

ངའི་རྩྭ་རྟིང་རྡུལ་གྱིས་མནན་མེད།།

རྟ་ད་ལོའི་འདོ་སེང་གྲོ་རྒྱ།།

ཁྱོས་གོ་ལེའི་སེམས་ལ་དེ་ཟུངས།།

 

སྡེ་ཁ་ཞེང་ཅན་པོའི་དཀྱིལ་གྱི།།

རོགས་ཁ་ཚིག་ཅན་པོར་ཤོད་ལ།།

སྡེ་ཁ་རི་བརྒྱུད་ལ་ཤོག་དང་།།

ངའི་ཕྱོགས་ནས་རྩེ་རོགས་བཙལ་མེད།།

ངས་གཞན་ལ་ཚིག་གསུམ་བཤད་མེད།།

རོགས་ད་ལོའི་ན་ཟླ་ཆུང་ལོ།།

ཁྱོས་གོ་ལེའི་སེམས་ལ་དེ་ཟུངས།།