ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > སྒྱུ་རྩལ།

ལ་གཞས་མཐུན་པ་དྲུག་སྐོར་ལས། མཐུན་པའི་སྐོར།

སྤེལ་དུས། 2013-08-27 09:33:48  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

 

༡༤༦གོས་བརྒྱ་གོན་སྟོང་གོན་བརྗེད་ཐལ།།
གོས་ཆེན་འབྲུག་མ་མ་བརྗེད་ཟིག།
གོས་མ་བརྗེད་ཚུལ་འདིར་བལྟས་ན།།
ཕྱི་རི་མོ་ཡག་ནི་ལོས་ཡིན།།
 
རོགས་བརྒྱ་རྩེས་སྟོང་རྩེས་བརྗེད་ཐལ།།
ངས་དོ་དགོང་ཆུང་ལོ་མ་བརྗེད་ཟིག།
རོགས་མ་བརྗེད་ཚུལ་འདིར་བལྟས་ན།།
རོགས་ཞེ་འདང་ཆེ་ནི་ལོས་ཡིན།།
 
༡༤༧རི་ཡར་བལྟས་མགོ་ན་དར་ལྕོག་ཅིག།
རླུང་མ་གཡུག་བསེར་བུ་རང་བྱུང་ཞིག།
དེའི་བར་ན་དར་ལུང་མདུད་པ་ཞིག།
སྐྲག་མི་དགོས་དར་སྐུད་ཆད་མེད་རེད།།
 
ས་སྡེ་ཆེན་ཁུགས་ན་འདང་ཆེན་ཞིག།
ཁ་མ་བརྒྱབ་མི་ཁ་རང་བྱུང་ཞིག།
དེའི་བར་ན་འདང་ཆེན་རོགས་ལོ་ཞིག།
སྐྲག་མི་དགོས་ཞེ་སེམས་འགྱུར་མེད་རེད།།
 
༡༤༨རྟ་འདོ་བ་ཨ་རིག་ཀླད་རེད།།
རྒྱུག་གོམ་ལག་རིག་སྨོན་གཞུང་རེད།།
ས་མ་རུབ་མུན་པ་འཐིབས་ན།།
རྟ་འདོ་བའི་གོམ་ལག་ཅིར་བརྗེད།།
 
རོགས་ཞེ་མཐུན་སྡེ་ཆེན་དཀྱིལ་རེད།།
ཚིག་བཤད་པ་རྗེ་བཙུན་མགུར་རེད།།
ཁ་མི་ཁ་གླིང་ལ་གྲགས་རུང་།།
རོགས་འདང་ཆེན་ཡིད་ནས་ཅིར་བརྗེད།།
 
༡༤༩ནགས་རྒྱ་རྫོང་སྟག་གི་ཕ་ས་རེད།།
བྱ་ཁུ་ལོ་ཞེ་སེམས་ཆགས་ས་རེད།།
ཞེ་ཆགས་ས་མེད་པ་ཤེས་ན་ཡང་།།
ལས་སྨོན་ལམ་ཅན་དུ་གྱུར་སོང་དུས།།
སྟག་ཕ་ས་ཡིན་རུང་ཆགས་དགོས་གི།
 
ངའི་རྩེ་ཡ་དགོད་གྲོགས་སྡེ་ཡི་རེད།།
རོགས་ང་ཚོ་ཞེ་སེམས་ཆགས་ས་རེད།།
རོགས་རྩེ་ས་མེད་པ་ཤེས་ན་ཡང་།།
འགྲོགས་ཞེ་འདང་ཅན་དུ་གྱུར་སོང་ན།།
རོགས་སྡེ་ཡི་ཡིན་རུང་རྩེ་དགོས་གི།
 
༡༥༠སྟོད་རི་རྒྱལ་མགོ་ན་ཤྭ་གཉིས་ཡོད།།
ཤྭ་གཉི་ག་ནོར་བུ་ཆ་མ་ཡིན།།
རྭ་གཉི་ག་མགོ་ན་རང་བྱོན་ཡིན།།
ཤྭ་རྭ་རིང་རང་ལ་མ་བརྗེད་དང་།།
རྭ་མགོ་ན་རང་ལ་འཐོར་མེད་ཡིན།།
 
ས་སྡེ་ཆེན་ཁུགས་ན་རོགས་གཉིས་ཡོད།།
རོགས་གཉི་ག་ཕ་མ་བུ་ཕྲུག་ཡིན།།
ཚིག་བཤད་པ་སེམས་པའི་སེམས་པ་ཡིན།།
རོགས་རང་གིས་རང་ལ་མ་བརྗེད་དང་།།
ང་ཁ་འཁྱམ་ཚེ་གང་བརྗེད་མེད་ཡིན།།
 
༡༥༡སྟོད་དབུས་གཙང་ཆོས་ར་ནང་ནས།།
ངས་གཡས་སྐོར་བརྒྱབ་ནས་འགྲོ་དུས།།
ང་ལྷ་དང་ལྷ་མོར་འགལ་ཡོད།།
ངས་གཡོན་སྐོར་བརྒྱབ་ནས་འགྲོ་དུས།།
ང་ལྷ་ཕྲུག་མང་བོར་འགལ་ཡོད།།
འགལ་མེད་ནོ་བླ་མ་ཁྱོད་རེད།།
འདང་རྒྱག་ན་བླ་མ་ཁྱོས་རྒྱོབ།།
 
ས་མར་བལྟས་སྡེ་ཆེན་གྲོང་ནས།།
ངས་གཡས་སྐོར་བརྒྱབ་ནས་འགྲོ་དུས།།
ང་ཁ་ཡ་ན་ཟླར་འགལ་ཡོད།།
ངས་གཡོན་སྐོར་བརྒྱབ་ནས་འགྲོ་དུས།།
ང་དྲིན་ཆེན་མ་ལོར་འགལ་ཡོད།།
འགལ་མེད་ནོ་རོགས་ལོ་ཁྱོད་རེད།།
འདང་རྒྱག་ན་རོགས་ལོ་ཁྱོས་རྒྱོབ།།
 
༡༥༢ཡར་བལྟས་ཀྱི་རི་གསུམ་རྩེ་ན།།
ཤིང་ཚིགས་དྲུག་དགུང་ལ་མཉམ་ཡོད།།
ཤིང་གཅོད་ནི་འབལ་ནི་མ་དགོས།།
རླུང་བསེར་བུ་གཡུག་ན་འགྱོད་རབས་བཤད།།
འདང་བརྒྱབ་ན་འགྱོད་དོན་མེད་གི།
ཤིང་ཀླུ་བདག་རྩད་པ་སྲ་ན།།
རླུང་བསེར་བུ་ཞིག་གིས་ཅི་སྐྱོན།།
 
མར་བལྟས་ཀྱི་སྡེ་ཆེན་དཀྱིལ་ན།།
རོགས་ཞེ་མཐུན་ཚིག་གསུམ་བཤད་ཡོད།།
ཁ་བརྒྱབ་ནས་གཏོར་ནི་མ་དགོས།།
གླིང་མི་ཁ་འཁོར་ན་སྡུག་རབས་བཤད།།
འདང་བརྒྱབ་ན་སྡུག་དོན་མེད་གི།
རོགས་ཞེ་འདང་ཡིད་ན་ཡོད་ན།།
གླིང་མི་ཁ་ཞིག་གིས་ཅི་སྐྱོན།།
 
༡༥༣རྟ་ཁྱོད་ལ་ཆ་རྒྱུས་ང་མེད།།
རྒྱ་བྱིན་ནས་ཉོས་རེ་བཏང་ན།།
རྒྱུག་ལོས་བཟང་འདོད་པའི་རྟ་རེད།།
 
རོགས་ཁྱོད་ལ་ཆ་རྒྱུས་ང་མེད།།
ཚིག་བཤད་ནས་འགྲོགས་རེ་བཏང་ན།།
ཁྲེལ་ལོས་ཡོད་འདོད་པའི་རོགས་རེད།།
 
༡༥༤སྟོད་དབུས་གཙང་ཡུལ་གྱི་བླ་མ།།
སྐྱབས་ཁྱོད་ལ་མཇལ་བའི་ཕན་ཆད་ནས།།
ང་འཇིག་རྟེན་འཁོར་བའི་ཕྱོགས་ལ།།
ཞེན་པ་གཏིང་ནས་ལོག་གི།
དེ་བཤད་ན་དམ་ཚིག་ཨེ་རེད།།
 
ས་སྨད་ཕྱོགས་གྲོང་གི་རོགས་ལོ།།
མ་ཁྱོད་ཚོར་འགྲོགས་པའི་ཕན་ཆད་ནས།།
ཁྱོའི་ཕན་གྱི་ཁ་ཡ་ན་ཟླས།།
ཚིག་བཤད་དུས་ཞེན་པ་ལོག་གི།
འདི་བཤད་ན་ཞེ་འདང་ཨེ་རེད།།
 
༡༥༥བྱང་ཕྱོགས་སྐར་མ་སྨེ་བདུན།།
ཁྱོད་ཤར་བའི་ཤར་ལམ་ཨེ་དྲང་།།
ཁྱོད་ཤར་བའི་ཤར་ལམ་དྲང་ན།།
ངས་སྨིན་དྲུག་ཁྲ་མོ་བློས་གཏོང་།།
ཁྱོས་མི་དྲང་ཟེར་ན་མི་ཆོག།
 
སྡེ་ཆེན་པོ་དཀྱིལ་གྱི་རོགས་ལོ།།
ཁྱོད་རྩེ་བའི་རྩེ་ལམ་ཨེ་དྲང་།།
ཁྱོད་རྩེ་བའི་རྩེ་ལམ་དྲང་ན།།
ངས་ཞེ་མཐུན་རོགས་ལོ་བློས་གཏོང་།།
བློས་བཏང་གི་དུས་ཚོད་ཅིག་ལ།།
ཁྱོས་མི་རྩེ་ཟེར་ན་མི་ཆོག།
 
༡༥༦སྨད་རྒྱ་ནག་ཇ་བག་གྲུ་བཞི་རེད།།
དེ་གྲུ་བཞི་ཡིན་པའི་ཁ་ན་མེད།།
སྐོལ་བཏང་ན་མིག་ལ་ཡག་དགོས།།
འཐུང་བཏང་ན་སྐོམ་པ་སེལ་དགོས།།
 
སྡེ་ཆེན་པོའི་རྩེ་བ་ཁ་ཡག།
ཁྱོའི་ཚིག་གསུམ་ཡག་ནི་ཁ་ན་མེད།།
ནམ་ཡིན་རུང་རོགས་ལོར་ཐུག་དགོས།།
ཐུག་བཏང་ན་ཞེ་འདང་ཡོད་དགོས།།
 
༡༥༧བཀྲ་ཤིས་ཀྱི་སྤང་དཀར་ཀླད་ན།།
དོན་འགྲུབ་པའི་གྲོ་རྒྱ་ང་ཡོད།།
ཕྱི་སྤུ་གར་བལྟ་རྒྱུ་མེད་མོད།།
རྒྱུག་གོམ་པ་འཛོམས་པའི་རྟ་ཡིན།།
 
བཀྲ་ཤིས་ཀྱི་སྡེ་ཆེན་དཀྱིལ་ན།།
དོན་འགྲུབ་པའི་རོགས་ལོ་ང་ཡོད།།
ཕྱི་མོ་སྒོར་བལྟ་རྒྱུ་མེད་མོད།།
འདང་ཞེ་བརྩེ་ཅན་གྱི་རོགས་ཡིན།།
 
༡༥༨ང་དང་པོ་ཞིང་བ་ཡིན་དུས།།
ཞིང་ཆུ་མ་བཏབ་ཅིང་རི་མ་བཏབ།།
ངས་དེ་སང་དེ་ལྟར་འདེབས་རྒྱུ་མིན།།
ཞིང་ཆུ་མ་མིན་པ་འདེབས་རྒྱུ་མིན།།
 
ང་དང་པོ་རྩེ་བ་ཡིན་དུས།།
རོགས་ཁ་མཐུན་འགྲོགས་ལ་ཞེ་མཐུན་འགྲོགས།།
ང་དེང་སང་དེ་ལྟར་འགྲོག་རྒྱུ་མིན།།
རོགས་ཞེ་མཐུན་མིན་པ་རྩེ་རྒྱུ་མིན།།
 
༡༥༩ནས་དྲུག་མང་སྐྱེས་ཚུལ་ཡག་གི།
སྐྱེས་ཡག་ནོ་ངེས་པ་མེད་གི།
དགུང་ཕོ་ཆུང་འབྲུག་གི་མངའ་འོག་རེད།།
དུད་འགྲོ་ཟོག་གི་ཁ་སྒོ་རེད།།
 
རོགས་ཞེ་མཐུན་རྩེ་ཚུལ་ཡག་གི།
ཁྱོད་ཡག་ནོ་ངེས་པ་མེད་གི།
ཡུལ་དྲིན་ཆེན་ཕ་མའི་ཁྲིམས་འོག་རེད།།
ན་ནང་ཟླ་མང་བོའི་རྩེ་རོགས་རེད།།
 
༡༦༠གཟིངས་གྲུ་བཞིའི་མགོ་ཐག་རྩྭ་རེད།།
བློ་གཏོད་སའི་རྐྱལ་བ་དབུགས་རེད།།
བློ་གཏད་ན་སྐྲག་སའི་གཞི་རེད།།
 
རོགས་རྩེ་ས་སྡེ་ཆེན་དཀྱིལ་རེད།།
བློ་གཏོད་ས་ཆུང་མའི་རྩིབས་རེད།།
བློ་གཏོད་ན་སྐྲག་སའི་གཞི་རེད།།