ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > སྒྱུ་རྩལ།

ལ་གཞས་མཐུན་པ་དྲུག་སྐོར་ལས། མཐུན་པའི་སྐོར།

སྤེལ་དུས། 2013-08-27 09:37:41  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

 

༡༣༡ཆུ་རྨ་ཆུ་བཞུར་བཞུར་སྟོད་ནས་བཞུར།།
སྟོད་ཀྱི་གངས་རིའི་རྫ་ནས་བཞུར།།
ཆུ་རྡོ་སྲུབས་ཉུལ་ནས་ཤོར་ནས་ཡོང།།
རྡོ་གཡའ་མས་བཀག་འགོག་བཏང་ནས་ཡོང་།།
 
ང་བྱི་མོ་ཡོང་ཡོང་སྡེ་ནས་ཡོང་།།
སྡེ་མི་གཅིག་ཚོ་དྲུག་གླིང་ནས་ཡོང་།།
ནང་ན་ཟླའི་གྲས་ནས་ཤོར་ནས་ཡོང་།།
ཡུལ་ཕ་མས་བཀག་འགོག་བཏང་ནས་ཡོང་།།
 
༡༣༢རྟ་མ་རྒྱུག་ཟེར་ན་རྒྱུག་བཏང་ང་།།
ནང་རྟ་བརྒྱས་གོ་རྒྱུ་གོ་སོང་ང་།།
ནང་རྟ་བདག་རིག་རྒྱུ་རིག་སོང་ང་།།
སྟོད་བྱང་ལམ་ཁུགས་ནས་རྒྱུག་ག་འགྲོ།།
 
རོགས་མ་རྩེ་ཟེར་ན་རྩེ་བཏང་ང་།།
ནང་ན་ཟླས་གོ་རྒྱུ་གོ་སོང་ང་།།
ཁྱིམ་བཟའ་བས་རིག་རྒྱུ་རིག་སོང་ང་།།
སྡེ་ཆེན་པོ་བརྒྱུད་ལ་རྩེ་ནས་འགྲོ།།
 
༡༣༣རྟ་མ་རྒྱུག་ཟེར་ན་རྒྱུག་བཏང་ང།།
རྡུལ་མ་སློང་ཟེར་ན་བསླངས་བཏང་ང།།
ས་སྤང་དཀར་ཀླད་ལ་ཐོན་དུས་ན།།
ཁ་འཐེན་དུས་ཁ་ཁོག་ཤོར་ནི་ཡིན།།
 
རོགས་མ་རྩེ་ཟེར་ན་རྩེ་བཏང་ང་།།
འགྲོག་མ་འཛིན་ཟེར་རུང་བཟུང་བཏང་ང་།།
ཕྱི་རོགས་བརྒྱའི་གྲས་ལ་ཐོན་དུས་ན།།
ཁ་འཐོར་དུས་ཁ་ཁོག་ཤོར་ནི་ཡིན།།
 
༡༣༤སྟོད་རྫ་མགོ་བསྐོར་ནས་འགྲོ་དུས།།
ཕྲུག་ཐེར་མའི་ཕུ་རུང་འཕུད་ལ་འགྲོ།།
གོན་ལྷག་མ་ཡོད་ནི་མིན་མོད།།
ཆར་བསིལ་མའི་སྔོན་ནས་ངོམ་མ་འགྲོ།།
 
ས་སྡེ་ཆེན་རྩེ་བའི་གྲས་ནས།།
རོགས་འུ་གཉིས་དཔུང་ཐུག་རྒྱག་ག་འགྲོ།།
ཚེ་གང་གི་སྐྱ་ཡ་མི་ཉན་རུང་།།
ནང་ན་ཟླའི་གྲས་ནས་ངོམ་མ་འགྲོ།།
 
༡༣༥ཕྲུག་མཐེབ་བརྒྱ་མ་མོའི་བལ་རེད།།
དེ་དེད་ན་གཡང་དཀར་ལུག་རེད།།
དེ་གོན་མཁན་བྱི་ལི་ཁྱོད་རེད།།
 
ང་ཁ་འཁྱམ་ཐང་གི་མི་རེད།།
དེ་དེད་ན་སྡེ་ཆེན་གྲོང་རེད།།
དེར་རྩེ་མཁན་དོ་དགོང་རོགས་རེད།།
 
༡༣༦ཕྲུག་མཐེབ་བརྒྱ་མ་མོའི་བལ་རེད།།
བལ་ཡིན་ནས་ཡིད་ཅིག་མ་ཆད།།
བལ་བཙོང་ན་ནོམ་པ་རྒྱུ་རེད།།
 
ཆུང་འདྲིས་དགའ་ལོ་སྡེ་རེད།།
སྡེ་ཡིན་ནས་ཡིད་ཅིག་མ་ཆད།།
མཐུན་སོང་ན་མཆིན་པའི་ཤ་རེད།།
 
༡༣༧ཁྱོད་བྱི་རུ་དམར་ཆུང་ཨེ་ཡིན།།
ཁྱོད་བྱི་རུ་དམར་ཆུང་ཡིན་ན།།
ཁྱོད་ལྷ་སའི་ཁྲོམ་ནས་སྡོད་དང་།།
ང་བོད་པ་སྟོབས་ཆེན་མིན་རུང་།།
ཁྱོད་ལྷ་སའི་ཁྲོམ་ནས་མི་བསྐྱུར།།
 
ཁྱོད་ཆུང་འདྲིས་དགའ་ལོ་ཨེ་ཡིན།།
ཁྱོད་ཆུང་འདྲིས་དགའ་ལོ་ཡིན་ན།།།
ཁྱོད་སྡེ་ཆེན་དཀྱིལ་ནས་སྡོད་དང་།།
ང་རྩེ་བར་བློ་རེ་མེད་རུང་།།
ཁྱོད་སྡེ་ཆེན་དཀྱིལ་ནས་མི་བསྐྱུར།།
 
༡༣༨ཁྱོད་དང་མའི་རྟ་ཁྲ་ཨེ་ཡིན།།
ཁྱོད་དང་མའི་རྟ་ཁྲ་ཡིན་ན།།
ང་དང་མའི་སྒ་ཁྲ་དེ་ཡིན།།
སྒའི་ཁོང་རྒྱུན་དེས་ཀྱང་བཟང་ཡིན།།
 
ཁྱོད་དང་མའི་རོགས་ལོ་ཨེ་ཡིན།།
ཁྱོད་དང་མའི་རོགས་ལོ་ཡིན་ན།།
ང་སྔོན་གྱི་ཁ་འཁྱམ་དེ་ཡིན།།
ངའི་ཁྲེལ་གཞུང་དེས་ཀྱང་ཡན་ཡིན།།
 
༡༣༩ཁྱོས་བཤད་ནོར་ངེས་པ་ཨེ་ཡོད།།
ཁྱོས་བཤད་ནོར་ངེས་པ་ཡོད་ན།།
ངའི་སྐེ་ན་དངུལ་དཀར་གའུ་ཡོད།།
དེའི་ནང་ན་སྐྱེ་བདུན་རིལ་བུ་ཡོད།།
ལྷ་མཇལ་མཇལ་ཞིག་ལ་མ་བྱིན།།
ངས་ད་ཐེངས་ལྷ་ཕྲུག་ཁྱོར་སྟེར།།
སྟེར་དགོས་པའི་དོན་དག་མེད་མོད།།
ཚེ་ཕྱི་མའི་དོན་ལ་བྱིན་ནི།།
 
ཁྱོས་བཤད་ནོར་ངེས་པ་ཨེ་ཡོད།།
ཁྱོས་བཤད་ནོར་ངེས་པ་ཡོད་ན།།
ངའི་ལག་ན་དངུལ་གྱི་མཛུབ་དཀྲིས་ཡོད།།
རོགས་རྩེ་རྩེ་ཞིག་ལ་མ་བྱིན།།
ངས་ད་ཐེངས་རོགས་ལོ་ཁྱོར་སྟེར།།
སྟེར་དགོས་པའི་དོན་དག་མེད་མོད།།
ཁྱིམ་བཟའ་ཚང་འདོད་ནས་བྱིན་ནི།།
 
༡༤༠ངས་བཤད་ནོ་གོར་མོ་རྡོ་ཡིན།།
ཁྱོས་སོམས་ལ་འདང་ཞིག་རྒྱོབས་དང་།།
དེ་ངེས་པ་ཅན་ཞིག་ཨེ་རེད།།
 
ངས་བཤད་ནོ་རོགས་ཀྱི་འདང་ཡིན།།
ཁྱོས་སོམས་ལ་འདང་ཞིག་རྒྱོབ་དང་།།
དེ་ངེས་པ་ཅན་ཞིག་ཨེ་རེད།།
 
༡༤༡རྡོ་ཡག་པ་དར་རྒྱལ་ཀླད་ན་ཡོད།།
རྡོ་ཡག་འདུག་རང་གིས་རིག་ནོ་རེད།།
རྡོ་ཁྲོག་སྒྲ་མ་གྲག་འཁུར་ཚུལ་མེད།།
རྡོ་ཁྲོག་སྒྲ་གྲགས་ནས་འཇོག་ཚུལ་མེད།།
 
རོགས་ཡག་པ་སྡེ་ཆེན་དཀྱིལ་ན་ཡོད།།
རོགས་ཡག་འདུག་རང་གིས་རིག་ནོ་རེད།།
ཁ་མི་ཁ་མ་གྲགས་རྩེ་ཚུལ་མེད།།
ཁ་མི་ཁ་གྲགས་ནས་འཇོག་ཚུལ་མེད།།
 
༡༤༢ས་སྤང་དཀར་བཞི་མོ་ལག་དཀར།།
ཁྱོའི་མགོ་ལ་སྲབ་ཅིག་བཞག་ནོ།།
ས་སོག་བོར་འཁྱེར་འདོད་མེད་ན།།
ང་རང་ལ་ཞོན་ནི་མ་རེད།།
 
ས་སྡེ་ཆེན་ན་ཟླ་ཆུང་ལོ།།
ངས་སེམས་ནས་ཚིག་ཅིག་བཤད་ནོ།།
ཚེ་གང་ལ་འགྲོག་འདོད་མེད་ན།།
ངས་རང་ལ་བཤད་ནི་མ་རེད།།
 
༡༤༣ཁྱོད་ཝ་དམར་བྲག་དམར་ཐེམ་རེད།།
བོའུ་ཁྲ་རིང་རང་གི་ཕྲག་རེད།།
དེ་བསད་ན་དམར་ཆུང་སྲོག་རེད།།
གོན་དང་ནི་མ་རེད་ཅི་རེད།།
 
རོགས་ཁྱོད་ཚོ་ཕྱི་སྡེ་གྲོང་རེད།།
ཚིག་ཅི་བཤད་རང་གི་སེམས་རེད།།
མཐུན་སོང་ན་དམར་ཆུང་སྲོག་རེད།།
འགྲོགས་བཏང་ནི་མ་རེད་ཅི་རེད།།
 
༡༤༤རྟ་མེད་ལ་ན་ནིང་དོ་ཚིགས་རེད།།
འགངས་མེད་ལ་ཁ་སང་དེ་རིང་རེད།།
ངས་རང་ཁའི་རྟ་ཞིག་འདོད་གི་མེད།།
སྟོད་སོག་པོ་ས་ལ་ཁྱེར་ན།།
རྔོག་ལྡེམ་མེ་རང་ཡུལ་བསྙེགས་ནི་ཞིག།
ངས་དེ་འདྲའི་རྟ་ཞིག་འདོད་གི།
 
རོགས་མེད་ལ་ན་ནིང་དོ་ཚིགས་རེད།།
འགངས་མེད་ལ་ཁ་སང་དེ་རིང་རེད།།
ངས་རང་ཁའི་རོགས་ཤིག་འདོད་གི་མེད།།
སྡེ་ཨ་ལུང་ཡང་ལུང་ཉུལ་དུས།།
ཁྲེལ་བློ་གཏད་ཁ་མས་འདུག་ནི་ཞིག།
ངས་དེ་འདྲའི་རོགས་ཤིག་འདོད་གི།
 
༡༤༥གོས་བརྒྱ་ཉོས་སྟོང་ཉོས་སྟོང་བ་རེད།།
ངས་ད་ཐེངས་གོས་ཤིག་ཉོས་པ་འདི།།
གཅིག་གོན་ན་མིག་ལ་ཡག་གི།
གཉིས་གོན་ན་ཤ་ལ་འཇམ་གི།
གསུམ་གོན་ནས་རྒྱུ་བ་ཡོད་དུས།།
གོས་ད་ཐེངས་ཉོས་པ་མ་འཆུག།
གོང་ལྷག་པ་ཤོར་རུང་མི་འགྱོད།།
 
རོགས་བརྒྱ་འགྲོགས་སྟོང་འགྲོགས་སྟོང་བ་རེད།།
ང་ད་ཐེངས་རོགས་ཤིག་རྩེ་བ་འདི།།
གཅིག་རྩེ་ན་མིག་ལ་ཡག་གི།
གཉིས་རྩེ་ན་བློ་ལ་འབབ་གི།
གསུམ་རྩེ་ནས་ཚེ་འགྲོགས་ཉན་ན།།
རོགས་ད་ཐེངས་རྩེ་ནོ་མ་འཆུག།
ཁ་མི་ཁ་ངན་རུང་མི་འགྱོད།།