ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > སྒྱུ་རྩལ།

ལ་གཞས་མཐུན་པ་དྲུག་སྐོར་ལས། མཐུན་པའི་སྐོར།

སྤེལ་དུས། 2013-08-27 09:41:06  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

 

༡༡༦ང་འདོ་སེང་གྲོ་རྒྱ་གཡུ་ལོ།།
རྟ་བཟང་ངན་བཤད་རྒྱུ་ཅི་ཡོད་མོད།།
ཤ་ངན་པར་ཁས་ཤིག་རྒྱག་ན་ཐང་།།
རྟ་ཨེ་ཉོ་མི་ཉོ་མེད་ན།།
དེའི་ས་ནས་ཁན་ཞིག་ངས་འཇོག།
 
ས་སྡེ་ཆེན་གྲོང་གི་རོགས་ལོ་ང་།།
བུ་ཞིག་ལ་བཤད་རྒྱུ་ཅི་ཡོད་མོད།།
ཡག་མེད་པར་ཁས་ཤིག་རྒྱག་ན་ཐང་།།
རོགས་ཨེ་རྩེ་མི་རྩེ་མེད་ན།།
དེའི་ས་ནས་ཁིས་ཤིག་འཁུར་དགོས།།
 
༡༡༧རྟ་སྤུ་ག་ཅན་ཞིག་ང་མིན།།
སྒ་གྲུ་བཞི་མ་ཞིག་སྟོད་ལ།།
ས་བྱང་ལམ་བསྐོར་ལ་རྒྱུགས་དང་།།
རྟ་བཟང་འདུག་དེ་ནས་ཤེས་རྒྱུ་རེད།།
 
རོགས་མོ་སྒོ་ཅན་ཞིག་ང་མིན།།
ཁ་དགོད་ལ་ཚིག་གསུམ་ཤོད་ལ།།
ངའི་ཕྱོགས་ལ་བློ་རྩེ་གཏོད་དང་།།
འགྲོགས་རྔ་མ་ཅན་ཞིག་ང་ཡིན།།
 
༡༡༨ཁྱོད་རྔོག་ཐོག་འདོ་བ་ཟེར་བ།།
ས་སྤང་དཀར་ཀླད་ལ་ཤོག་དང་།།
རྟ་མ་རྒྱུག་དུས་ན་ཁྱོད་ཡིན།།
སྒ་མ་བསྟན་དུས་ན་ང་ཡིན།།
 
ས་སྡེ་ཆེན་དཀྱིལ་གྱི་རོགས་ལོ།།
གྲོང་རྩེ་བའི་ཁྲོམ་ལ་ཤོག་དང་།།
རོགས་མ་རྩེ་དུས་ན་ཁྱོད་ཡིན།།
ཚིག་མ་བཤད་དུས་ན་ང་ཡིན།།
 
༡༡༩ང་དམར་བོ་མེ་ལྕེ་ཟེར་བ།།
མེ་ལ་འབར་ས་ཞིག་མེད་གི།
ཁྱོས་དལ་ཐལ་ཟེར་ནི་ཨེ་གོ།
ཁྱོར་དེ་འདྲའི་གོ་མྱོང་ཨེ་ཡོད།།
 
ང་ཕྱི་སྡེ་ཁ་འཁྱམ་བྱི་ལི།།
རོགས་མ་འགྲོགས་ས་ཞིག་མེད་གི།
རོགས་འགལ་ཐལ་ཟེར་ནི་ཨེ་གོ།
ཁྱོར་དེ་འདྲའི་གོ་མྱོང་ཨེ་ཡོད།།
 
༡༢༠ལྷ་མ་མཇལ་ལྷ་ཞིག་མེད་གི།
ལྷ་མ་མཇལ་ལྷ་ཕྲུག་ཁྱོད་རེད།།
གཅིག་མཇལ་སྡིག་སྒྲིབ་དག་དགོས།།
གཉིས་མཇལ་བར་ཆད་སེལ་དགོས།།
 
རོགས་མ་རྩེ་རོགས་ཤིག་མེད་གི།
རོགས་མ་རྩེ་བྱི་ལི་ཁྱོད་རེད།།
གཅིག་རྩེ་སྣང་བ་མཐུན་དགོས།།
གཉིས་རྩེ་རྔ་མ་སྐྱོང་དགོས།།
 
༡༢༡ང་གོས་ཆེན་འབྲུག་མ་ཟེར་བ།།
ཁྱོས་གོན་ཤེས་ཕུད་ཤེས་བྱོས་དང་།།
ཚེ་གང་གི་བཤོར་ལྭ་ཉན་ན།།
རྒྱབ་མི་གྲང་ཡིད་ཟོན་ངར་ཡོད།།
 
ང་སྡེ་ཆེན་ཁ་འཁྱམ་བྱི་ལི།།
ཁྱོས་རྩེ་ཤེས་འགྲོག་ཤེས་བྱོས་དང་།།
ཚེ་གང་གི་འགྲོག་ཡ་ཉན་ན།།
རོགས་མི་འགལ་ཡིད་ཟོན་ངར་ཡོད།།
 
༡༢༢གོས་འབྲུག་མ་ལྟེབས་བཅག་ཅན་པོ།།
ང་ས་ལ་ལྟེབས་གཅིག་བཤིག་ནོ།།
གོན་མི་དགོས་བསེར་བུ་ཁོགས་གི།
 
རོགས་ཆུང་ལོ་སྙིང་ལ་རྗེ་བོ།།
ང་ས་ལ་ཚིག་གསུམ་བཤད་ནོ།།
རྩེ་མི་དགོས་སྣང་བ་མཐུན་གི།
 
༡༢༣གོས་འབྲུག་མའི་གོང་གཅོད་སྟོང་ཡིན།།
གོས་ཉོ་ན་ཅི་དགོས་དངུལ་དགོས།།
ཁྱོར་དེ་འདྲ་སྟེར་རྒྱུ་ཡོད་ན།།
ཁྱོས་ད་ཐེངས་ཉོས་ནོ་འཆུག་མེད།།
 
ང་སྡེ་ཆེན་ཁ་འཁྱམ་བྱི་ལི།།
རོགས་རྩེ་ན་ཁ་ན་ཚིག་ཡོད།།
ཁྱོད་བྱི་མོར་བློ་གཏོད་ཡོད་ན།།
ཁྱོས་ད་ཐེངས་བཙལ་ནོ་འཆུག་མེད།།
 
༡༢༤བྲག་ཁྱོད་ཚོ་ཕྱི་རིམ་ནང་རིམ་རེད།།
ཕྱི་སྐོར་ན་བྲག་ལ་ཤུག་པ་རེད།།
ནང་སྐོར་ན་རྫ་ཆུ་བསིལ་མ་རེད།།
བྲག་ཁྱོད་ཚོར་འཛོམ་གསུམ་འཛོམས་ནས་ཡོད།།
 
རོགས་ཆུང་ལོ་སྙིང་ལ་རྗེ་བོ།།
ཕྱི་སྐོར་ན་ཡག་ལ་ཕོ་སྒོ་རེད།།
ནང་སྐོར་ན་ཁ་ཚིག་ལ་གཞས་རེད།།
རོགས་ཁྱོད་ཚོར་འཛོམ་གསུམ་འཛོམས་ནས་ཡོད།།
 
༡༢༥བྲག་དམར་བོར་ཐེམ་པ་བརྒྱ་ཡོད།།
བྱ་རྒྱལ་གླག་མོར་ཤོད་ལ།།
འབབ་ཤེས་འཕུར་ཤེས་བྱོས་དང་།།
ཁྱོད་འབབ་སའི་ཐེམ་པ་གཅིག་ཡོད།།
 
གྲོང་འདི་ན་རྩེ་བ་བརྒྱ་ཡོད།།
ས་སྡེ་ཆེན་བྱི་མོར་ཤོད་ཡ།།
ཁྱོད་རྩེ་ཤེས་འགྲོག་ཤེས་བྱོས་དང་།།
ཁྱོའི་རྩེ་རོགས་གཅིག་པུ་ང་ཡིན།།
 
༡༢༦རྟ་ཡོད་ན་མེད་ལ་གཅིག་ཡོད།།
གཅིག་ཡོད་ནོ་ནམ་མཁའི་བྱ་ཡིན།།
བྱ་ཡིན་ནས་གཤོག་པ་མེད་མོད།།
རྒྱུག་གོམ་ལག་བྱ་ཡི་ཡན་ཡིན།།
 
རོགས་ཡོད་ལ་མེད་ལ་གཅིག་ཡོད།།
རོགས་གཅིག་པུ་སྒྲོལ་མའི་སྐུ་ཡིན།།
སྐུ་ཡིན་ནས་མཇལ་སྲོལ་མེད་མོད།།
ནང་རོགས་བརྒྱའི་གྲས་ནས་ལྷང་རེད།།
 
༡༢༧རྟ་གྱི་ལིང་གྲོ་རྒྱ་ཟེར་བ།།
ཁྱོས་ངེས་ངེས་ཁྱེར་རྒྱུ་ཡིན་ན།།
ཆུ་རྨ་ཆུ་ཐད་དུ་ཆོད་དང་།།
བྱ་གཤོག་ཐོགས་ཤིག་དང་ཁྱད་མེད།།
རྟ་མི་རྒྱུག་ནི་ཞིག་མ་རེད།།
 
ང་སྡེ་ཆེན་ཁ་འཁྱམ་བྱི་ལིར།།
ཁྱོད་ངེས་ངེས་འགྲོགས་རྒྱུ་ཡིན་ན།།
ས་སྡེ་ཆེན་དཀྱིལ་ལ་ཤོག་དང་།།
རོགས་ཞེ་མཐུན་ཞིག་དང་ཁྱད་མེད།།
ང་མི་རྩེ་ནི་ཞིག་མ་རེད།།
 
༡༢༨ཆུ་རྨ་ཆུ་ཁ་ན་གྲུ་ཡོད་ན།།
ང་གྲུ་བའི་ལག་ན་ཁེམ་ཡོད་གི།
ཆུ་མི་ཆོད་རྒྱུ་ཞིག་འགངས་མེད།།
 
ཁྱོད་ཕ་བཟང་བྱི་ལིར་བློ་ཡོད་ན།།
ང་བྱི་མོའི་ཁ་ན་ཚིག་ཡོད་གི།
རྩེ་མི་ཐུབ་རྒྱུ་ཞིག་འགངས་མེད།།
 
༡༢༩ཁྱོད་རྨ་ཆུ་ལི་མ་དལ་གི།
ང་འབྲི་ཆུ་བསིལ་མ་དྭངས་གི།
དལ་ཚུལ་དྭངས་ཚུལ་བཤད་གི།
གཅིག་རུང་ཁ་ཐག་རིང་གི།
སུ་ཡིན་རུང་ཁོ་ཐག་མ་བཅད།།
གཅོད་མི་ཐུབ་རྒྱུ་ཞིག་མེད་གི།།
 
ང་ཁ་འཁྱམ་བྱི་ལི་དལ་གི།
ཁྱོད་ཞང་བཟང་ཚ་མོ་དུངས་གི།
དལ་ཚུལ་དུངས་ཚུལ་བཤད་གི།
གཅིག་རུང་ཁ་ཐག་རིང་གི།
སུ་ཡིན་རུང་ཁོ་ཐག་མ་བཅད།།
འགྲོག་མི་ཐུབ་རྒྱུ་ཞིག་མེད་གི།
 
༡༣༠ཆུ་རྨ་ཆུའི་འགོ་ཁུངས་གངས་རེད།།
དེའི་བཞུར་རྔ་རྒྱ་མཚོའི་ནང་རེད།།
ཆུ་བཞུར་ཚུལ་ཟེར་བ་དེ་རེད།།
 
ང་ཁ་འཁྱམ་ཕྱི་སྡེའི་ཁུགས་རེད།།
ཚིག་བཤད་ནོ་རོགས་ཀྱི་འདང་རེད།།
རོགས་འགྲོགས་ཚུལ་ཟེར་བ་དེ་རེད།།