ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > སྒྱུ་རྩལ།

ལ་གཞས་མཐུན་པ་དྲུག་སྐོར་ལས། འགལ་བའི་སྐོར།

སྤེལ་དུས། 2013-08-27 09:48:30  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

 

༡ ཤར་འཛམ་གླིང་ཉི་མ་ཁྱོད་གཉི་ག།
ཁྱོད་ཤར་ཕྱོགས་ཁིས་ནས་འཆར་དུས་ན།།
དྲོད་ཁམས་ལ་འཆར་བ་ལོས་བདེན་མོད།།
ཁྱོད་གསེར་ཁྲིའི་ཁིས་ལ་ཤར་འོངས་ན།།
སྤྲིན་དཀར་བོས་སྔུན་ནས་བསྐོར་རེ་སྣང་།།
སྤྲིན་ནག་པོས་རྗེས་ནས་དེད་དེ་སྣང་།།
ཁྱོས་སྤྲིན་དམར་ཡིད་ལ་བཟུང་ནས་སྣང་།།
དྲོད་ཁམས་ལ་འཆར་ཁ་དཀའ་མོ་རེད།།
 
ཡར་ཁུ་བྱུག་བྱ་དང་ཁྱོད་གཉི་ག།
ནགས་ཙན་དན་བརྒྱུད་ནས་གྲགས་འོང་དུས།།
གསུང་ཁམས་ལ་བསྒྲགས་ནོ་ལོས་བདེན་མོད།།
ཤིང་རལ་ག་མང་བོས་བསྐོར་རེ་སྣང་།།
མགོ་ལོ་མ་མང་པོས་བསྒྲིབས་ཏེ་སྣང་།།
མགོ་སིལ་ཏོག་ཡིད་ལ་བཟུང་ནས་སྣང་།།
གསུང་ཁམས་ལ་བསྒྲག་རྒྱུ་དཀའ་མོ་རེད།།
 
མ་ལོ་རོགས་དང་ཁྱོད་གཉིས་ཀ།
བོད་ཚོ་ཆེན་བརྒྱུད་ནས་རྩེ་དུས་ན།།
ཚིག་རོགས་ལ་བཤད་ནོ་ལོས་བདེན་མོད།།
ནང་ན་ཟླ་མང་བོས་བསྐོར་རེ་སྣང་།།
གཏམ་མི་ཁས་ཕྱི་ནས་བསྐོར་རེ་སྣང་།།
ནང་བཟའ་ཟླ་ཡིད་ལ་བཟུང་ནས་སྣང་།།
ཚིག་ངེད་ཚོར་བཤད་ཁ་དཀའ་མོ་རེད།།
 
༢ བྲེ་སེར་འབྲོང་དང་ཁྱེད་གཉིས་ཀས།།
རྭ་སྤང་ལ་རྡོར་གི་མ་འདུག།
སྤང་སེར་ཆེན་འཛད་རྒྱུ་ཅི་ཡོད།།
རྭ་ལྗང་སྨུག་ནམ་འཛད་མི་ཤེས།།
 
གྲོ་བྱིས་རྟ་དང་ཁྱོད་གཉིས་ཀས།།
བྱང་རིང་མོ་བརྒྱུད་གི་མ་འདུག།
བྱང་རིང་མོ་འཛད་རྒྱུ་ཅི་ཡོད།།
རྟའི་རྨིག་ལྕགས་ནམ་འཛད་མི་ཤེས།།
 
མ་ལོ་རོགས་དང་ཁྱེད་གཉིས་ཀས།།
ཚིག་སྙན་མོ་གཏམ་གི་མ་འདུག།
ཚིག་ཁེ་རྒྱལ་ལོན་རྒྱུ་ཅི་ཡོད།།
ཁ་ལ་གཞས་ནམ་ཚར་མི་ཤེས།།
 
༣ གནམ་ལྟག་ནས་ཐང་བ་ཤེས་མེད།།
གནམ་ལྟག་ནས་ཐང་ནོ་ཤེས་ན།།
ངས་དང་བོ་ཆར་རྐང་བསྒྲིགས་མེད།།
 
རྟ་བརྒྱུགས་ནས་འཆོལ་ནོ་མ་གོ།
རྟ་བརྒྱུགས་ནས་འཆོལ་ནོ་གོ་ན།།
ངས་རྟ་ལྕག་ཕྲ་མོ་བརྗེད་མེད།།
 
རོགས་རྩེས་ནས་འགལ་རྒྱུ་གོ་མེད།།
རོགས་རྩེས་ནས་འགལ་རྒྱུ་གོ་ན།།
ངས་དང་པོ་ཚིག་གསུམ་བཤད་མེད།།
 
༤ རི་ཁྱོད་མཐོ་ང་མཐོ་ཟེར་དང་།།
ང་རི་རྒྱལ་ལྷུན་པོ་ཁྱོད་ལས་མཐོ།།
ངས་རི་གསུམ་རྩེ་ནས་བལྟས་ནི་ཡིན།།
རི་འབྱུང་བ་ལྔ་བོ་འོག་ནས་བཟུང་།།
རི་ད་དུང་ང་མཐོ་ཟེར་གི་མེད།།
 
ཆུ་ཁྱོད་དྭངས་ང་དྭངས་མ་ཟེར་དང་།།
ང་འཇུ་ལག་གཡུ་ཆུ་ཁྱོད་ལས་དྭངས།།
ཆུའི་རབ་ཁ་བུད་དེ་བལྟས་ནི་ཡིན།།
ཆུ་འབྱུང་བ་ལྔ་བོ་འོག་ནས་བཟུང་།།
ཆུ་ད་དུང་ང་དྭངས་ཟེར་གི་མེད།།
 
ཚིག་ཁྱོད་མོད་ང་མོད་མ་ཟེར་དང་།།
ང་རྩ་བའི་ཚིག་རྐང་ཁྱོད་ལས་མོད།།
བོད་ཚོ་ཆེན་སྐོར་གསུམ་བརྒྱབ་ནི་ཡིན།།
ཚིག་འབྱུང་བ་ལྔ་བོ་འོག་ནས་བཟུང་།།
ཚིག་ད་དུང་ང་མོད་ཟེར་གི་མེད།།
 
༥ དགུང་ཉི་མ་མ་ཤར་འགོར་ཐལ།།
ཡང་མིན་ན་འཆར་འདོད་མེད་ནི་རེད།།
ཡང་མིན་ན་སྤྲིན་གྱིས་གཡོགས་ནི་རེད།།
ཡང་མིན་ན་འཆར་དབང་མེད་ནི་རེད།།
 
རྟ་འདོ་བ་མ་བརྒྱུགས་འགོར་ཐལ།།
ཡང་མིན་ན་བརྒྱུག་འདོད་མེད་ནི་རེད།།
ཡང་མིན་ན་སྲབ་གྱིས་བསྒགས་ནི་རེད།།
ཡང་མིན་ན་བརྒྱུག་དབང་མེད་ནི་རེད།།
 
རོགས་ཆུང་ལོར་མ་རྩེ་འགོར་ཐལ།།
ཡང་མིན་ན་རྩེ་འདོད་མེད་ནི་རེད།།
ཡང་མིན་ན་མི་ཁས་བསྐོར་ནི་རེད།།
ཡང་མིན་ན་རྩེ་དབང་མེད་ནི་རེད།།
 
༦ སྟོད་དབུས་གཙང་མིག་གི་ལམ་རེད།།
གངས་མཐོན་པོ་ལམ་གྱི་དགྲ་རེད།།
དགྲ་དེ་ཚོ་ལམ་ན་མེད་རྒྱུ་ན།།
ང་དེང་སང་དབུས་གཙང་ཡུལ་ན་ཡོད།།
ཁྲི་བཞུགས་བླ་མ་མ་ཉན་རུང་།།
གདུགས་འགྱོག་གི་བན་ཆུང་ལོས་ཉན།།
 
སྨད་རྒྱ་ནག་མིག་གི་ལམ་རེད།།
ཆུ་གཙང་བོ་ལམ་གྱི་དགྲ་རེད།།
དགྲ་དེ་ཚོ་ལམ་ན་མེད་རྒྱུ་ན།།
ང་དེང་སང་རྒྱ་ནག་ཡུལ་ན་ཡོད།།
ཁྲིམས་གཅོད་རྒྱལ་བོ་མ་ཉན་རུང་།།
ཚོང་བྱེད་གི་དཔོན་ཆུང་ལོས་ཉན།།
 
བོད་ཚོ་ཆུང་མིག་གི་ལམ་རེད།།
གཏམ་མི་ཁ་ལམ་གྱི་དགྲ་རེད།།
དགྲ་དེ་ཚོ་ལམ་ན་མེད་རྒྱུ་ན།།
ང་དེང་སང་ཚོ་ཆུང་ཡུལ་ན་ཡོད།།
ལས་མཐུན་བཟའ་ཚང་མ་ཉན་རུང་།།
ཚེ་གཅིག་གི་རྩེ་རོགས་ལོས་ཉན།།
 
༧ འབྲོང་བྲེ་སེར་ཡ་རུ་སྟོངས་ཐལ།།
རྭ་ཆ་གཉིས་སྤང་ལ་བརྡར་ནས།།
རྭ་ཁྲ་བོ་མཚོན་ཆ་མི་ཉན།།
ང་ཡ་རུའི་ཚེ་ཕྱེད་འཇའ་ཐལ།།
 
རྟ་འདོ་བ་ཐོ་རུ་སྟོངས་ཐལ།།
སྒ་ལྷུ་བཞི་ཁུར་ཏེ་བསྡད་ནས།།
སྒ་ཁུར་ནས་བཟང་མིང་མ་ལོན།།
ང་ཐོ་རུ་ཚེ་ཕྱེད་ཚར་ཐལ།།
 
ང་ཕོ་ལོ་བཅོ་ལྔ་སྟོངས་ཐལ།།
ཁ་ཚིག་གསུམ་བཤད་དེ་བསྡད་ནས།།
ཚིག་བཤད་དེ་བཟང་མིང་མ་ལོན།།
ང་དགའ་ལོའི་ཚེ་ཕྱེད་ཚར་ཐལ།།
 
༨ འཛམ་གླིང་ཉི་མ་ཁྱོད་གཉི་ག།
ཡར་རྫ་རིའི་གཡས་ལ་མི་འཆར་གི།
ཡང་མིན་ན་ཉི་མ་དབང་ཆུང་རེད།།
ཡང་མིན་ན་རྫ་རི་སྐྱོན་ཅན་རེད།།
 
ཁུ་བྱུག་བྱ་དང་ཁྱོད་གཉི་ག།
ནགས་ཁིས་ཆེན་ཁ་ལ་མི་གྲག་གི།
ཡང་མིན་ན་ཁུ་བྱུག་དབང་ཆུང་རེད།།
ཡང་མིན་ན་ཁིས་ཀ་སྐྱོན་ཅན་རེད།།
 
ཚིག་བཤད་མ་ལོ་ཁྱོད་གཉི་ག།
ང་ཆུང་འདྲིས་དགའ་ལོར་མི་རྩེ་གི།
ཡང་མིན་ན་མ་ལོ་དབང་ཆུང་རེད།།
ཡང་མིན་ན་དགའ་ལོ་སྐྱོན་ཅན་རེད།།
 
༩ སྦ་ཚིགས་དྲུག་དྲང་དྲང་འདྲ་ཞིག།
རོགས་ཁྱོད་ཚོ་དྲང་མོ་མ་རེད།།
རོགས་ཁྱོད་ཚོ་དྲང་མོ་ཡིན་རྒྱུ་ན།།
དུས་དེང་སང་ནམ་མཁའི་དབྱིངས་ཡིན།།
 
ཆུ་གཙང་བོ་དྲང་དྲང་འདྲ་ཞིག།
རོགས་ཁྱོད་ཚོ་དྲང་མོ་མ་རེད།།
རོགས་ཁྱོད་ཚོ་དྲང་མོ་ཡིན་རྒྱུ་ན།།
དུས་དེང་སང་རྨ་ཆུར་འདྲེས་ཡོད།།
 
ང་དགའ་ལོ་དྲང་དྲང་འདྲ་ཞིག།
མ་ཁྱོད་ཚོ་དྲང་མོ་མ་རེད།།
མ་ཁྱོད་ཚོ་དྲང་མོ་ཡིན་རྒྱུ་ན།།
དུས་དེང་སང་བཟའ་ཁྱིམ་གཅིག་རེད།།
 
༡༠ ངས་བལྟས་བལྟས་དགུང་སྔོན་གནམ་ལ་བལྟས།།
ངས་ཉན་ཉན་འབྲུག་ཆུང་སྐད་ལ་ཉན།།
ལོ་གསུམ་ལ་འབྲུག་གཅིག་མ་གྲགས་ཐལ།།
ཟླ་གསུམ་ལ་ཆར་ཞིག་མ་བབས་ཐལ།།
འབྲུག་ཡོད་མེད་ཐག་གིས་མི་ཆོད་གི།
 
ངས་བལྟས་བལྟས་བྱང་ལམ་གཡས་ལ་བལྟས།།
ངས་ཉན་ཉན་འདོ་བའི་སྐད་ལ་ཉན།།
ལོ་གསུམ་ལ་རྟ་ཞིག་མ་བརྒྱུག་ཐལ།།
ཟླ་གསུམ་ལ་སྒ་ཞིག་མ་བསྟད་ཐལ།།
རྟ་ཡོད་མེད་ཐག་གིས་མི་ཆོད་གི།
 
ངས་བལྟས་བལྟས་སྡེ་ཆེན་དཀྱིལ་ལ་བལྟས།།
ངས་ཉན་ཉན་རོགས་ལོའི་སྐད་ལ་ཉན།།
ལོ་གསུམ་ལ་ཚིག་གཅིག་མ་བཤད་ཐལ།།
ཟླ་གསུམ་ལ་སྐད་ཅིག་མ་ཚོར་ཐལ།།
རོགས་ཡོད་མེད་ཐག་གིས་མི་ཆོད་གི།
 
༡༡ བྱ་ཁུ་བྱུག་ནགས་ན་མེད་གི།
བྱ་ཁུ་བྱུག་ནགས་ན་ཡོད་རྒྱུ་ན།།
དགོང་ཕྱི་དྲོ་ཤིང་རྩེར་འབབ་བ།།
ནངས་སྔ་མོར་ཐེངས་གསུམ་གྲག་ག།
ངས་མེད་གི་ཟེར་དོན་དེ་རེད།།
 
འབྲི་ཐུལ་མ་རྫ་ན་མེད་གི།
འབྲི་ཐུལ་མ་རྫ་ན་ཡོད་རྒྱུ་ན།།
དགོང་ཕྱི་དྲོ་རྫ་མཐར་འཁོར་ར།།
ནངས་སྔ་མོར་རྫ་མགོར་འབུད་ད།།
ངས་མེད་གི་ཟེར་དོན་དེ་རེད།།
 
རོགས་ཆུང་ལོ་སྡེ་ན་མེད་གི།།
རོགས་ཆུང་ལོ་སྡེ་ན་ཡོད་རྒྱུ་ན།།
དགོང་ཕྱི་དྲོ་བཟའ་བའི་གྲས་རེད།།
ནངས་སྔ་མོར་ཚིག་གསུམ་བཤད་ད།།
ངས་མེད་གི་ཟེར་དོན་དེ་རེད།།
 
༡༢ མདའ་ལི་མ་ཁྱོད་གཉིས་སྟོང་རྒྱན་ཅན།།
ཁྱོད་སྤང་ལ་འཕངས་ན་བྲག་ལ་འཁོར།།
མདའ་ལི་མའི་བསམ་པ་བྲག་ཐོག་རེད།།
ངས་བྲག་ནས་མི་ལེན་བསྐྱུར་ར་འཇོག།
མདའ་ལི་མའི་བསམ་པ་སུན་གི་འཇུག།
 
མེ་ཏོག་སེར་ཆེན་ཁྱོད་གཉི་ག།
ཁྱོད་ཉིན་ལ་བཏབ་ན་སྲིབ་ནས་སྐྱེས།།
ཁྱོད་མེ་ཏོག་བསམ་པ་སྲིབ་རེད།།
ངས་སྲིབ་ནས་མི་འཐུ་བསྐྱུར་ར་འཇོག།
མེ་ཏོག་བསམ་པ་སུན་གི་འཇུག།
 
དགའ་ལོ་སྤུན་དང་ཁྱོད་གཉི་ག།
ཚིག་དོན་ཅན་མི་བཤད་གཡོ་སྒྱུ་བཤད།།
ཁྱོད་དགའ་ལོའི་བསམ་པ་གཞན་རེད།།
ང་མི་རྩེ་དགའ་ལོ་བསྐྱུར་ར་འཇོག།
ཁྱོད་དགའ་ལོའི་བསམ་པ་སུན་གི་འཇུག།
 
༡༣ དགུང་མི་སྟོད་ཟེར་ན་སྟོད་ཟེར་གི།
བསྟད་བཏང་ན་གཤོག་རྩལ་མེད་ཟེར་གི།
 
རྟ་མི་བརྒྱུག་ཟེར་ན་རྒྱུགས་ཟེར་གི།
བརྒྱུགས་བཏང་ན་གོམ་ལག་མེད་ཟེར་གི།
 
ཚིག་མི་བཤད་ཟེར་ན་ཤོད་ཟེར་གི།
བཤད་བཏང་ན་ལོན་པ་མེད་ཟེར་གི།
 
༡༤ ང་གཤོག་ཆེན་དགུང་ལ་སྟོད་དུས།།
ཁྱོད་གཤོག་ཆུང་ལམ་ནས་མ་འདུག།
བྱ་གཤོག་རྡེབ་གཅིག་གི་འགྲོ་སྒོ་རེད།།
 
ང་གོམ་ཆེན་ལམ་ལ་སྐྱོད་དུས།།
ཁྱོད་གོམ་ཆུང་ལམ་ནས་མ་འདུག།
འགྲོས་གོམ་པ་གཅིག་གི་འགྲོ་སྒོ་རེད།།
 
ང་ཚིག་བཤད་སྡེ་ནས་རྩེ་དུས།།
ཁྱོད་ཚིག་མེད་རྩེ་གི་མ་ཡོང་།།
ཚིག་ཁ་བྲལ་གཅིག་གི་འགྲོ་སྒོ་རེད།།
 
༡༥ རྟ་འདོ་བ་གོམ་འགྲོས་ཅན་པོ།།
ལ་གཡས་ཟུར་བར་ནས་ཚོམ་ཡོད།།
ཚོམ་ཡོད་ནོ་སྡེ་བར་གསང་ཡོད།།
གོང་བདེ་རབས་བཤད་ནས་ངོམ་ཡོད།།
 
གོས་གསེར་མ་འཁོབས་རྒྱ་ཅན་པོ།།
གོས་སོ་རྙིང་བར་ནས་རྡོལ་ཡོད་།།
རྡོལ་ཡོད་ནོ་སྡེ་བར་གསང་ཡོད།།
འཁོབས་ཡངས་རབས་བཤད་ནས་ངོམ་ཡོད།།
 
རོགས་ན་ཟླ་ཞེ་འདང་ཅན་པོ།།
གཏམ་མི་ཁའི་བར་ནས་འགལ་ཡོད།།
འགལ་ཡོད་ནོ་སྡེ་བར་གསང་ཡོད།།