ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > རིག་གནས།

བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དབུ་འབྱེད་མཛད་སྒོ་པོ་ཧྲི་ཏོན་ནས་བསྡུས་པ།

སྤེལ་དུས། 2013-01-31 17:13:18  ཁུངས།   རྩོམ་པ་པོ།   རྡེབ་ཚད། 

263.jpg

ཨ་རིའི་དུས་ཚོད་སྤྱི་ཟླ་བཅུ་པའི་ཚེས་བཅུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་ཕྱེད་ཀའི་སྟེང་། པོ་ཧྲི་ཏོན་གྲོང་ཁྱེར་ཁམ་སྦི་རེ་ལྗི་(Cambridge, Boston)ནས་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དབུ་འབྱེད་མཛད་སྒོ་བསྡུས་ཤིང་། ས་ཆ་སོ་སོ་ནས་ཕེབས་ཡོང་བའི་སྐུ་མགྲོན་ཉི་ཤུ་ལྷག་མཛད་སྒོ་ལ་དངོས་སུ་ཞུགས། གཞན་ཡང་། ལས་དང་དུས་ཀྱི་དབང་གིས་སྐུ་དངོས་སུ་ཕེབས་མ་ཐུབ་པ་རྣམས་ཀྱིས་གློག་འཕྲིན་བརྒྱུད་དེ་བཀྲ་ཤིས་པའི་སྨོན་འདུན་བསྐུར་འདུག་ལ། དེ་དག་ལ་ཆེད་དུ་བསྒྲགས་པང་ཞིག་བཟོས་ཏེ་གཙུག་ལག་ཁང་གི་གྱང་ངོས་སུ་བཀྲམས་ཡོད།
བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ལ་དབྱིན་སྐད་དུ་Tibetan Buddhist Resource Centerཟེར་ལ། དེ་ནི་སྤྱི་ལོ་1999ལོར་མཁས་དབང་Gene Smith(བོད་སྐད་དུ་འཇམ་དབྱངས་རྣམ་རྒྱལ་དུ་ཞུ།)ལགས་ཀྱིས་པོ་ཧྲི་ཏོན་གྲོང་ཁྱེར་ནས་ལས་གྲོགས་ཁ་ཤས་དང་ལྷན་དུ་སྒེར་ལ་དབང་བའི་ཆོས་དཔེ་འཕྲུལ་དེབ་དུ་བཟོས་པ་ནས་མགོ་ཚུགས་ཤིང་། རིམ་གྱིས་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་ཏེ་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་འཕྲུལ་དེབ་ནམ་མཁའི་མཛོད་Tibetan Buddhist Resource Center Libraryཅེས་པ་འདི་གྲུབ་པ་དང་། ལས་གཞིའི་ཁྱབ་ཁོངས་ཇེ་ཆེར་སོང་བ་དང་བསྟུན་པོ་ཧྲི་ཏོན་ནས་ཉིའུ་ཡོག་གྲོང་ཁྱེར་ལ་གནས་སྤར་ཏེ་ལས་ཚན་ཆ་ཚང་ཞིག་བཙུགས་པ་རེད། ཡིན་ནའང་། མཁས་དབང་Gene Smithལགས་སྐུ་གཤེགས་རྗེས། དབུ་འཛིན་པ་མང་ཆེ་ཤས་པོ་ཧྲི་ཏོན་ན་བཞུགས་པ་དང་། ཁྱད་པར་དུ་ཧ་ཝར་དྷི་སློབ་ཆེན་དང་མཉམ་འབྲེལ་བྱས་ཏེ་བོད་རིག་པ་ཞིབ་འཇུག་ཇེ་རྒྱས་སུ་གཏོང་སླད། ད་ལོར་ནང་བསྟན་དཔེ་ཚོགས་་ལྟེ་གནས་པོ་ཧྲི་ཏོན་གྲོང་ཁྱེར་ཁམ་སྦི་རེ་ལྗི་ལ་གནས་སྤར་ཡོང་བ་རེད།
བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དབུ་འཛིན་ལྷན་ཚོགས་ལ་གཟན་དཀར་རིན་པོ་ཆེ་དང་། སྤྲུལ་སྐུ་དོན་གྲུབ། Leonard van der Kuijp, Janet Gyatso, David Lunsfordསོགས་མཁས་དབང་བཅོ་ལྔ་དང་། ལས་འགན་པ་བཅུ་དྲུག་ལྷག་འདུག
དཔེ་ཚོགས་ལྟེ་གནས་འདིས་ནང་བསྟན་ཆོས་དཔེ་སྣ་ཚོགས་འཚོལ་བསྡུ་དང་འཚག་སེལ་བྱས་ཏེ་དཀར་ཆག་དག་པར་བསྒྲིགས་ནས་འཕྲུལ་དེབ་ཏུ་བཟོས་ཡོད་ཅིང་། འཕྲུལ་དེབ་དྲ་བ་འདི་བོད་རྒྱ་དབྱིན་གསུམ་གང་རུང་གི་ལམ་ནས་ལྟ་ཐུབ་ལ། ཐོ་འགོད་མིང་བྱང་རེ་ཞུ་བྱས་རྗེས། པར་དབང་ལ་ཚད་བཀག་ཡོད་པའི་དཔེ་ཆ་ལས་གཞན་རྒྱུ་ཆ་ཆ་ཚང་ཅི་འདོད་དུ་ཕབ་ལེན་བྱ་ཆོག
དབུ་འབྱེད་མཛད་སྒོ་འཚོགས་མ་ཐག སྐུ་མགྲོན་ཡོངས་ནས་ཕན་ཚུན་ལ་འཚམས་འདྲི་དང་ངོ་སྤྲོད་བྱས་ཤིང་། ཆུ་ཚོད་གཅིག་ལྷག་གི་རིང་ལ་བརྗོད་བྱ་རང་མོས་ཀྱི་ལབ་གླེང་བྱས་ལ། བོད་ཟས་ཤ་མོག་གི་གསོལ་སྟོན་གྱ་ནོམ་པ་ཞིག་ཀྱང་ཟས་སུ་བཞེས། ཆུ་ཚོད་བརྒྱད་ལྷག་གི་སྟེང་གཏམ་བཤད་ལེ་ཚན་གྱི་མགོ་བརྩམས་ཤིང་། དབུ་འཛིན་པ་Leonard van der Kuijpལགས་ཀྱིས་དབུ་འབྱེད་མཛད་སྒོར་བཀྲ་ཤིས་པའི་སྨོན་འདུན་ཕུལ་བ་དང་ལྷན་དུ་གཏམ་བཤད་ཀྱི་མགོ་བསླངས། དེར་མཐུད་ནས་འགན་འཁུར་པ་Jeff Wallmanལགས་ཀྱིས་དཔེ་ཚོགས་ལྟེ་གནས་ཀྱི་ལོ་རྒྱུས་དང་འབྲེལ་ཏེ་མཁས་དབང་Gene Smithལགས་ཀྱི་མཛད་རྗེས་བླ་ན་མེད་པ་སྔོན་དུ་ཞུས་རྗེས་། མ་འོངས་པར་ཧ་ཝར་དྷི་སློབ་གྲྭ་ཆེན་མོ་གཙོ་བྱས་པའི་ཨ་རི་དང་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལས་ཚན་ཁག་དང་མཉམ་འབྲེལ་གྱི་ལས་གཞི་མང་དུ་འཛུགས་རྒྱུའི་འཆར་གཞི་ཁ་ཤས་ཀྱང་གསུངས། ཁོང་གིས། "མཁས་དབང་Gene Smithལགས་ཀྱི་ཐུགས་དགོངས་བཞིན་ཏུ། ང་ཚོས་བསྟན་བཅོས་སོ་སོ་ལ་དངོས་སུ་ལྟ་ཀློག་བྱས་ཏེ་དཀར་ཆག་ཞིབ་ཏུ་བསྒྲིགས་ཡོད་ལ། ཀློག་པ་པོས་ང་ཚོའི་བསྒྲིགས་པའི་དཀར་ཆག་ལ་གཞིགས་ནས་བསྟན་བཅོས་སོ་སོའི་ནང་གི་རང་རང་གི་དམིགས་བྱ་རྣམས་ཅི་འདོད་དུ་བཙལ་ཐུབ། འདི་ནི་ད་གནས་ཀྱི་ནང་ཆོས་དཔེ་མཛོད་ཁང་གང་གིས་ཀྱང་བྱེད་ཐུབ་མེད་པ་ཞིག་རེད། "ཅེས་གསུངས། འགན་འཁུར་པ་Michael R. Sheehyལགས་ནས་གདན་བཞུགས་ཀྱི་སྐུ་མགྲོན་རྣམས་ལ་དྲ་བ་བཀོལ་སྟངས་རེ་རེ་བཞིན་ངོ་སྤྲད་ཅིང་། ད་ཆར་དྲ་བའི་དཀར་ཆག་ཅིག་བཟོས་ཡོད་ལ་མི་འགྱངས་བར་དགོན་སྡེ་སོགས་ཀྱི་ཞིབ་འཇུག་ལྟེ་གནས་སོ་སོར་དགྲམ་རྒྱུ་ཡིན་ཞེས་གསུངས། མཐར་མར། ཁོང་གིས་"བོད་ཀྱི་དཔེ་ཆ་པར་བསྐྲུན་བྱ་མཚམས་མ་བཞག་པའི་བར་དུ་ངེད་ཅག་གི་བྱ་བར་རྫོགས་མཐའ་མེད་ལ། དེ་སྲིད་དུ་ང་ཚོས་ཀྱང་རང་ནུས་ཡོད་རྒུས་ཀློག་པ་པོ་ཀུན་ལ་རྒྱུ་ཆ་མཁོ་འདོན་བྱེད་ངེས།"ཅེས་པའི་བཀྲ་ཤིས་བའི་སྨོན་ཚིག་བཟང་པོ་དང་སྦྲགས་ནས་གཏམ་གླེང་གི་ལེ་ཚན་མཇུག་བསྡུས། དེའི་ཕྱིས་སྐུ་མགྲོན་ཡོངས་ནས་སླར་ཡར་ཟས་དང་གཏམ་ལ་རོལ་ནས་དགོང་མོའི་དུས་ཚོད་དགུ་ལྷག་གི་ཐོག་མཛད་སྒོ་ཡོངས་སུ་མཇུག་རྫོགས་སོ།།
བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲ་གནས།
256.jpg

མཁས་དབང་Gene Smithལགས་ཀྱི་སྐུ་པར།

257.jpg

258.jpg
ཕྱོགས་སོ་སོ་ནས་བསྐུར་ཡོང་བའི་བཀྲ་ཤིས་སྨོན་འདུན།

259.jpg
དབུ་འཛིན་པ་Leonard van der Kuijpལགས་ནས་གསུང་བཤད་གནང་བཞིན་པ།

000.jpg
འགན་འཁུར་པ་Jeff Wallmanལགས་ནས་གསུང་བཤད་གནང་བཞིན་པ།

260.jpg
འགན་འཁུར་པ་Michael R. Sheehyལགས་ནས་དྲ་བ་བཀོལ་སྟངས་ངོ་སྤྲོད་བཞིན་པ།

262.jpg
བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་ཟུར་གཅིག

264.jpg
བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་ཟུར་གཅིག