ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > དམངས་སྲོལ།

སེ་ཀུ་བྱ་ཁྱུང་དང་སྟག་ལུང་གི་གཏམ་རྒྱུད།

སྤེལ་དུས། 2013-08-08 22:56:04  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

 

སེ་ཀུ་བྱ་ཁྱུང་དང་སྟག་ལུང་གི་གཏམ་རྒྱུད།

   སྲིད་པ་ཆགས་ནས་ལོ་ངོ་ཁྲི་ཕྲག་མང་པོ་འགོར་རྗེས་གངས་རིའི་ལྗོངས་འདིར་འགྲོ་བ་མིའི་རིགས་རྒྱུད་འཕེལ། དེ་ནས་ཅང་མ་འགོར་བར་རིགས་རྒྱུད་ལྷ་ནས་མཆེད་པའི་བུ་མོ་གྱོ་མོ་ཞེས་དྲུག་གསུམ་བཅོ་བརྒྱད་ཀྱི་ལང་ཚོ་རབ་ཏུ་རྒྱས་ཤིང་། སྟག་ཤར་གཞོན་ནུས་མཐོང་ན་སྙིང་ལ་གདུང་བ་སྟེར་བའི་བུ་མོ་དེ་ཉིན་ཞིག་གྲོགས་མོ་ཚོ་དང་མཉམ་དུ་བྱ་ཁྱུང་རྫ་འདབས་སུ་ལྕི་བ་འཐུ་བར་སོང་། ཉིན་དེར་ཉི་བཟང་སྐར་བཟང་ཞིག་ཡིན་པས་ཡུལ་ལྷའི་རྒྱལ་བོ་བྱ་ཁྱུང་ཡང་རྟ་མཆོག་ངང་དཀར་ལ་བཅིབས། གཡོན་ན་རྟ་འཛིན་མཛོད་འཛིན། གཡས་ན་ཇ་འདྲེན་ཆང་འདྲེན། མཐའ་རུ་གདུགས་རྒྱལ་མཚན་སྒྲེང་བའི་འཁོར་གཡོག་ཞབས་ཞུ་བས་འཁོར་གསུམ་སྤྲས་པའི་དམག་དཔུང་བགྲང་ལས་འདས་པའི་བསྐོར་ཞིང་། སྐུ་གཟི་མདངས་ལྷམ་མེར་རང་གི་མངའ་ཁོངས་ལ་སྤྲོ་གཟིགས་སུ་ཕེབས་པའི་སྐབས་དེར། སིང་སིང་སྙན་མོའི་གླུ་གཞས་ཤིག་གིས་ཡུལ་ལྷའི་རྒྱལ་བོའི་སྙན་དབང་འཕྲོག ཡུལ་ལྷའི་རྒྱལ་བོས་ཡེ་ཤེས་ཀྱི་སྤྱན་གྱིས་མར་གཟིགས་པ་ན། གཞས་འཐེན་མཁན་དེ་ནི་མཛེས་མ་ཚོགས་ཀྱིས་བསྐོར་བའི་གྲས་ཀྱི་ཆེས་ལོ་ན་གཞོན་པའི་བུ་མོ་མཛེས་མ་ཞིག་ཡིན་ཞིང་། ངག་སྙན་མོའི་གཞས་དང་ཡིད་དུ་འོང་བའི་བཞིན་གྱིས་ཡུལ་ལྷའི་རྒྱལ་བོའི་ཡིད་དབང་མེད་དུ་དྲངས་ནས་རང་ འཁོར་གྱི་བློན་པོ་རིག་པ་ཅན་སྤྱན་གསུམ་མངགས་ནས་བུ་མོ་དེའི་རིགས་རྒྱུད་མཆེད་ཁུངས་སོགས་དྲིས་ཤོག་ཅེས་གསུང་བ་ན། སྤྱན་གསུམ་པ་དེ་མ་ཐག་སྤྲུལ་བསྒྱུར་གྱིས་མགོ་བོ་དུང་ལྟར་དཀར་ཞིང་། ཁ་ན་སོ་མི་ཏུག་ཙམ་ཡང་མེད་པའི་རྒན་པོ་ཉམ་ཐག་པ་ཞིག་ཏུ་སྤྲུལ་ནས་བུ་མོ་དེ་ཚོའི་ཉེ་སར་བཅར་བ་ན། བུད་མེད་གཞན་རྣམས་ཀྱིས་རྒན་པོ་དེའི་ཚུགས་ཀར་ཞེན་ལོག་ནས་ཁ་ཡ་མ་བྱས། གྱོ་མོ་ནི་དེ་ལས་ལྡོག་སྟེ་རང་གི་རུམ་ལ་ཁྱེར་ཡོང་བའི་བྲོ་ལས་མང་ཤོས་རྒན་པོ་དེར་བྱིན་ནས་ཁོའི་གནས་ཚུལ་དྲིས། རྒན་པོས་མགོ་བོ་གཡུག་གཡུག་བྱེད་ཞོར་ང་ནི་བྱུ་ཁྱུང་རྫ་འདབས་སུ་སྒྲུབ་ལ་བརྩོན་བཞིན་པའི་དྲང་སྲོང་ཞིག་ཡིན། མདང་དགོང་ངའི་རྨི་ལམ་ལ་ང་ནི་རི་འདིའི་རྒྱལ་བོ་ཡིན་ཟེར་བའི་གཞོན་ནི་ཞིག་གིས་ལུས་ལ་ཁྲབ་དཀར་རྨོག་དཀར་གྱོ ན་ཞིང་། སྐེད་པར་ཁོར་གསུམ་བཏགས་པ། ཞལ་མདངས་དུང་ལས་དཀར་ཞིང་ལུས་ལ་ཚན་བཟང་དང་དཔེ་བྱད་ཀྱིས་ཡོངས་སུ་ཁེརངས་པ་ཞིག་ཡོང་ནས། སང་ཉིན་ཉི་ཤར་གྱི་རྩེ་མོར་བྱ་ཁྱུང་རྫ་འདབས་སུ་སོང་དང་ཚུལ་དང་ལྡན་པའི་ལྷ་མོ་ཞིག་འཕྲད་འོང་། དེ་དུས་མ་ བརྗེད་པར་རིགས་དང་མིང་འདྲི་དགོས་ཞེས་ང་ལ་བཀའ་བསྒོ་བ་ཞིག་རྨིས་བྱུང་བས་བདག་དེ་རིང་གནས་འདིར་འོང་བ་ཡིན། མདང་དགོང་གི་རྨི་ལམ་ལ་གཞིགས་ན་ཡུལ་ལྷའི་རྒྱལ་བོས་གསུང་བའི་བུ་མོ་དེ་ཁྱོད་ཡིན་པར་རང་འདུག དེའི་ཕྱིར་ཁྱོད་ཀྱིས་ བདག་ལ་རིགས་རུས་མཆེད་ཁུངས་སོགས་མི་གསང་བར་བཤད་པར་མཁྱེན་ཞེས་བཤད་པ་ན་བུ་མོས་ཀྱང་ཁོ་ལ་གཅིག་ཀྱང་མ་གསང་བར་དྲང་མོར་བཤད། 
   ཉིན་གཉིས་པར། བུ་མོ་གྱོ ་མོ་ཚང་གི་འབྲི་མོ་བོར་སོང་བས་བྱ་ཁྱུང་རྫ་འདབས་སུ་བཙལ་བར་སོང་། ཁོ་མོ་སོང་སོང་ཡངབཙལ་མ་རྙེད་པའི་ངལ་དུབ་ཕྲན་བུ་བྱུང་ ནས་གཉིད་ལོག རྨི་ལམ་ལ་མི་དཀར་ཞྭ་དཀར་ཁྲབ་དཀར་གྱོ ན་པ་ཞིག་རྟ་མཆོག་དཀར་པོ་ཞིག་ལ་ཞོན་ནས་ཐད་ཀར་མོའི་ལོགས་སུ་བཅར་ཏེ་འབྲི་མོ་ཡོད་སའི་ཕྱོགས་དེར་མཛུབ་མོས་བསྟན་ཞོར་མིག་གིས་འཛུམ་ཞགས་ཤིག་འཕངས་པས་མོ་ཡང་ངོ་ཚ་བའི་ཟོལ་གྱིས་གདོང་ལག་པས་བཀབ་སྟེ་མཛུབ་སྲུབ་ནས་བལྟས་པ་ན་མདུན་གྱི་མི་དེ་གར་སོང་ཆ་མེད་དུ་གྱུར། ཁོ་མོ་སྐྲག་དངངས་དང་བཅས་གཉིད་ལས་སད་ཚེ་ད་གཟོད་རྨི་ལམ་ཡིན་པ་ཤེས། སེམས་ལ་རྨི་ལམ་ཡིན་རུང་གང་ལྟར་ཀྱང་འབྲི་མོ་བཙལ་དགོས་པས་ས་དེའི་ཕྱོགས་སུ་ཆས། དེ་ནས་ཡར་སོང་བ་ན་མདུན་ཕྱོགས་སུ་བྲག་ཕུག་ཅིག་ཡོད་ལ་དེ་རུ་སྔོ་་ལྗང་གི་རྩྭ་ལོས་ཁེངས་ཤིང་མི་ཞིག་ལྟ་ཅི་སྲོག་ཆགས་ཤིག་ཀྱང་མ་སོང་པ་ཞིག་ཡོད་པ་མཐོང་ནས་མདུན་དུ་སོང་ཚེ་བྲག་ཕུག་དེ་རྒྱ་ཆེ་ལ་དངོས་གནས་ཞིང་ཁམས་གཞན་ཞིག་ཏུ་སླེབས་པའི་སྣང་བ་སྟེར། མོས་བྲག་ཕུག་ནང་གོམ་འགའ་ སྤོས་པ་ན་འབྲི་མོ་ནི་རྩྭ་ཆུ་འཛོམས་པའི་སྤང་ཐང་ཞིག་ན་ཉལ་བསྡད་ཡོད། འབྲི་མོས་རང་གི་བདག་པོ་མཐོང་བ་དང་སྐེ་བསྲིངས་ནས་ཐེངས་འགར་ངུར། ཁོ་མོས་གཅིག་ ནས་འབྲི་མོ་རྙེད་པ་དང་། གཉིས་ནས་རྨི་ལམ་དུ་ཡང་རྨིས་དཀའ་བའི་ཞིང་ཁམས་འདི་འདྲ་ཞིག་མཐོང་ནས་ཡིད་དབང་མེད་དུ་མྱོས་པའི་སྐབས་དེར། དེ་སྔ་རྨི་ལམ་དུ་འཕྲད་པའི་མི་དེ་མགོ་ལ་རྩེ་གསུམ་ཅན་གྱི་རྨོག་དཀར་གྱོ ན། ལུས་ལ་དངུལ་གྱི་གོ་ཁྲབ་ཉི་མའི་འོད་ལ་འགྲན་ནུས་པ་ཞིག་གྱོ ན་ཞིང་། དར་དཀར་པོའི་ཕྱུ་ཆེན་དེར་དུང་ལས་དཀར་བའི་སྐེ་རགས་བཅིངས། རྟ་མཆོག་ངང་དཀར་ཞིག་ལ་ཞོན་ནས་ལག་ཏུ་དངུལ་ལས་བཟོས་འདྲིའི་མདུང་ཟླ་ཚེས་མ་ཞིག་ཁྱེར་ཏེ་རི་གླུ་རྒྱུང་འཐེན་བྱེད་ཞོར་མོའི་མདུན་དུ་ཐོན། མོ་ཡང་ཡ་མཚར་བའི་ངང་དེ་སྔོན་རྨི་ལམ་དུ་འཕྲད་པའི་མི་དེ་མ་ཡིན་ནམ་སྙམ་བཞིན་སྙིང་ཆུང་ལུ་གུ་ལྡིང་ལྡིང་བྱས་ནས་མགོ་བོ་བྲང་ཁའི་བར་དུ་སྨད། ཡུལ་ལྷའི་རྒྱལ་བོས་ཁོ་མོའི་བསམ་ཚུལ་ཕལ་ཆེར་རྟོགས་ནས་རང་གི་གནས་ཚུལ་དང་འདོད་མོས་བརྗོད་པའི་ཕན་ཚུན་ལ་ཆུ་དང་ཉ་མོ་ལྟ་བུའི་བརྩེ་དུང་ཆགས། དེ་ནས་བཟུང་ཁོ་གཉིས་དུང་དཀར་མདོ་དང་འཁོར་ལོ་སྒང་ནས་ཐེངས་མང་པོར་ཐུག་འཕྲད་བྱས་པའི་དམར་ཆུང་གི་སེམས་པ་གཉིས་གཅིག་ཏུ་འདྲེས་ཤིང་། ལོ་ཕྱེད་ཙམ་འགོར་རྗེས་མི་དང་ལྷ་ཡི་གཉེན་བཙུགས་ནས་ཅི་ཟླ་སྐར་གསུམ་ལ་རྩིས་ཡང་ཡང་བྱས་མཐར་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་མི་བསུ་དང་རྟ་བསུ། ལྷ་བསུ་དང་མཆོད་བསུ་བཅས་བུ་མོ་གྱོ ་མོ་དུང་དཀར་མདོ་ནས་ཡུལ་ལྷའི་རྒྱལ་བོ་བྱ་ཁྱུང་གི་མཁར་རྫོང་བདག་མོར་གདན་དྲངས།
   དེའི་ཉིན་རྒྱལ་བོ་གསེར་ཁྲིར་གཞུགས་ཤིང་སྨན་བཙུན་གྱོ ་མོ་དངུལ་ཁྲིར་བཞུགས། གཡས་ན་ཇ་འདྲེན་ཆང་འདྲེན། གཡོན་ན་རྟ་འཛིནམཛོད་འཛིན་སོགས་ཞི་དྲག་བློན་ཆེན་ཚོགས་ཀྱིས་མཐའ་ན་སྐོར་ཞིང་། སྔར་སྒྲུབ་མ་མྱོང་བའི་ངོ་མཚར་བའི་ཆོ་ག་མང་པོ་བསྒྲུབས། ཕྱོགས་བཞིའི་བསྟན་བསྲུང་དང་ཡུལ་ལྷ་བཞི་བདག་སྟེ། སྟག་ལུང་། གཉེན་ཆེན། སྲས་མཆོག་དགྲ་འདུལ་དབང་ཕྱུག  བློན་ཆེན་ཤན་པ་ནག་པོ། ཨ་མྱེས་ དམག་དཔོན་སོགས་མགྲོན་ལ་བོས་ནས་བྱ་ཁྱུང་དང་གྱོ་མོས་སྐུ་མགྲོན་རེ་རེ་ལ་སྐྱེམས་ཆང་དྲངས་ནས་སྟག་ལུང་ལ་ཐོན་ཚེ། ཁོ་གྱོ་མོའི་ལང་ཚོར་ཆགས་ནས་ཟུར་མིག་གི་མདའ་མོ་ཡང་ཡང་འཕང་རུང་གྱོ ་མོས་མ་རིག་ཁུལ་གྱིས་མགོ་བོ་གཞན་ལ་འཁོར་ནས་སྐྱེམས་ཆངས་དྲངས། དེ་ནས་བཟུང་སྟག་ལུང་གྱོ་མོ་ལ་ཆགས་སྟེ་འདོད་པའི་གདུང་བའི་གཟིར་ནས་ཟས་ཀྱང་ཟ་འདོད་མེད་པར་ལུས་མདངས་ཉམས་ཤིང་ལུས་སྟོབས་ཟད། ཁོས་ནང་བློན་ཁྲ་འབར་གྱིས་རྒྱལ་བོའི་སེམས་ཀྱི་གདོང་བ་ཤེས་ནས་ཁོང་ལ་གྱོ་མོ་ཐབས་གྱིས་བསུ་བའི་གྲོས་བྱས། ཕྱི་ཉིན་བློན་ཆེན་ཁྲ་འབར་གྱིས་འཁོར་དམག་སྟོང་གི་ དབུས་ན་ལུས་ལ་དར་གོས་ཀྱི་ཕྱུ་ལྭ་ཞིག་གྱོ ན་ནས་རྒྱལ་བོ་བྱ་ཁྱུང་གི་ཕྱོགས་སུ་འབུལ་ནོར་བཀྲ་ཤིས་དཀྱིལ་འཁོར། གཡས་འཁྱིལ་མུན་པ་རང་སེལ། གཡུ་བྱུ་རུ་མུ་མེན་མུ་ ཏིག་སོགས་རིན་ཐང་བྲལ་བའི་རིན་པོ་ཆེ་མང་པོ་ཁྱེར་ནས་རྒྱལ་བོའི་བཀའ་བཞིན་བྱ་ཁྱུང་དང་གྱོ ་མོ་གཉིས་སྟག་ལུང་ཕོ་བྲང་དུ་བསུ་བར་སོང་། དེ་ལྟར་ཉིན་ཆད་སྐར་ བགོས་ཀྱི་ཉིན་དེར་ཐོན་ཚེ་ནང་བློན་སྤྱན་གསུམ་པ་གཙོ་བྱས་པའི་ཞི་དྲག་བློན་ཆེན་སོགས་གང་མང་གིས་ཡུལ་ལྷའི་རྒྱལ་བོ་དང་སྨན་བཙུན་གྱོ ་མོ་གཉིས་བསྐོར་ནས་ གདུགས་རྒྱལ་མཚན་དང་སྤོས་དྲི་ཞིམ་གྱི་ཁྲོད་སྟག་ལུང་ཕོ་བྲང་དུ་བྱོན། སྟག་ལུང་རྒྱལ་བོ་ཡང་ཕོ་བྲང་དང་ཐག་མི་རིང་བའི་སར་ཕེབས་ནས་བསུ་བ་བྱས་ཏེ་གཡུ་ལས་གྲུབ་པའི་རིན་པོ་ཆེ་ཕོ་བྲང་དུ་གདན་དྲངས་ཤིང་། འཇིག་རྟེན་མི་ཡི་བློ་ལས་འགོངས་པའི་ཟས་རིགས་སྣ་ཚོགས་དང་བདུད་རྩི་བསིལ་མའི་སྐྱེམས་དྲངས། གར་མཁན་དང་གཞས་མ་སོགས་ཀྱིས་རྩེད་མོ་སྣ་ཚོགས་ཀྱི་སྒོ་ནས་བྱ་ཁྱུང་རྒྱལ་བློན་ཀུན་ལ་བདུད་རྩི་བར་མེད་དུ་དྲངས་ནས་རང་ཚུགས་མི་ཟིན་པའི་གནས་སུ་གྱུར་མཚམས་ཁོ་ཚོ་ཕྱོར་ཕོ་བྲང་བྱ་ཁྱུང་དུ་སྐྱེལ་མ་བྱས། 
    ཕྱི་ཉིན་ཡུལ་ལྷའི་རྒྱལ་བོ་གཉིད་ལས་སད་པ་ན་བཙུན་མོ་གྱོ་མོ་མེད་པ་ཤེས་ནས་བློན་ཆེན་ཚོགས་ལ་དྲིས་ཚེ། ད་གཟོད་རང་ཉིད་ཕ་རོལ་བའི་གཡོ་འོག་ཏུ་ཚུད་པ་ཤེས། ཁོས་བཀོད་འདོམས་་བློན་ཆེན་སྤྱན་གསུམ་པ། དྲག་པོ་དགྲ་འདུལ་གཙོ་བྱས་པའི་འཁོར་དམག་སྟོང་ཕྲག་ཁ་ཤས་ལ་མདའ་གྲི་མདུང་གསུམ་གྱི་མཚོན་ཆ་ལེགས་པར་ སྤྲས་ཤིང་། ཁྱད་པར་དུ་རྒྱལ་བོ་རང་ཉིད་ཀྱིས་གཏུམ་མོ་དམར་ནག་གི་སྤྲུལ་གཟུགས་བསྒྱུར་ཞིང་རྫུ་འཕྲུལ་ཤུགས་ལྡན་གྱི་རྟ་མཆོག་ངང་དཀར་ལ་བཅིབས་ཏེ་ཕག་ཏུ་དངུལ་མདུང་ཁམས་གསུམ་རང་འདུལ་ཐོགས་ཏེ་སྟག་ལུང་ཚང་ལ་དམག་ཏུ་ཆས། སྟག་ལུང་རྒྱལ་བོས་སྔ་མོ་ནས་གྲ་སྒྲིག་བྱས་ཡོད་རྐྱེན་གནམ་ས་འཐབ་པ་ལྟ་བུའི་གཡུལ་འགྱེད་ཁྲོད་ཡུལ་ལྷའི་རྒྱལ་བོའི་འཁོར་དམག་ཕམ། རྒྱུ་མཚན་ནི་ཡུལ་ལ་ལའི་རྒྱལ་བོ་ནི་ཞི་བའི་ལྷ་ཡིན་ཞིང་། དཔལ་དང་འབྱོར་བ་རྣམ་ཐོས་སྲས་ཀྱི་བང་མཛོད་ལ་འཕ་ལ། ཐོབ་དང་གོ་ས་སྟག་ལུང་ལས་མཐོ་ནའང་། ཁོང་རྒྱལ་བློན་རྣམས་ནི་དེ་འདྲའི་ དཔའ་རྟུལ་ལྡན་པ་ཞིག་མིན། སྟག་ལུང་རྒྱལ་བོ་ནི་དེ་ལས་ལྡོག་སྟེ་དྲག་པོའི་ལྷ་ཡིན་ཞིང་། དཔལ་དང་འབྱོར་བ་དེ་འདྲ་མེད་མོད། ནང་བློན་ཁྲ་འབར་སོགས་ནི་དམར་ཡག་སྟག་གི་སྙིང་ཟོས་པ་ལྟ་བུ། ཁྲོས་ན་ཁམས་གསུམ་དབང་དུ་བསྡུ་ནུས་པ་ལྟ་བུ་མང་ཕྱིར། ཐེངས་དེའི་གཡུལ་འགྱེད་ཁྲོད་ཁོ་རང་རྒྱལ། དེ་ལྟར་ཐེངས་འགར་གཡུལ་འགྱེད་བྱས་ཀྱང་བཙུན་མོ་མ་ཐོབ་པས། ཡུལ་ལྷའི་རྒྱལ་བོ་ཐུགས་ཤིན་ཏུ་ཁྲོས་ཏེ་རང་ཉིད་ སྤྲང་བོ་ཞིག་ཏུ་བརྫུས། རྟ་མཆོག་ངང་དཀར་ཁྱི་མོ་དཀར་མོ་ཞིག་ཏུ་སྤྲུལ་བསྒྱུར་བྱས། གཞུ་མོ་དགྲ་བོའི་སྲོག་ལེན་དང་མདའ་མོ་དངུལ་སྒྲོ་འཕུར་ཤེས་གཉིས་སྐྱེར་བའི་ མདའ་གཞུ་གཉིས་སུ་སྤྲུལ་ནས་ཕུ་རུང་ནང་དུ་བཅུག། དངུལ་མདུང་ཁམས་གསུམ་དགྲ་འདུལ་འཁར་རྟེན་ཞིག་ཏུ་སྤྲུལ་བསྒྱུར་བྱས་ཏེ་སྟག་ལུང་མདུན་རི་དང་ཐག་མི་ རིང་བའི་སར་སྦས་ནས་བསྡད་ཚེ། དེའི་ཉིན་སྟག་ལུང་རྒྱལ་བོ་གཙོ་བྱས་པའི་འཁོར་བློན་ཚོགས་གཡུལ་ལས་རྒྱལ་བའི་སྟོན་མོ་བྱེད་པ་དང་འཁེལ་བས། ཁོས་གཞུ་མོ་དགྲ་བོའི་སྲོག་ལེན་མའི་ནང་མདའ་མོ་དངུལ་སྒྲོ་འཕུར་ཤེས་ལེགས་པར་སྤྲད་དེ་སྟག་ལུང་རྒྱལ་བོའི་དཔྲལ་བར་དམིགས་ཏེ་འཕངས་པ་ན། མདའ་དེ་སིར་སྒྲ་དང་བཅས་སྟག་ལུང་རྒྱལ་བོའི་ཉེ་འཁོར་གྱི་འཁོར་དམག་སུམ་ཅུ་ཙམ་བསྒྲལ་ནས་སྟག་ལུང་གི་རྨོག་འཕྲུ་དེ་ལེང་གིས་བཅད། མདའ་གཉིས་པ་འཕངས་པས་ནང་བློན་འགའ་གཡས་འགྱེལ་གཡོན་འགྱེལ་དུ་བཏང་། མདའ་གསུམ་པ་འཕངས་པས་སྟག་ལུང་རྒྱལ་བོའི་ཕོ་བར་ཕོག་ནས་རྒྱུ་མ་ལུག། དེ་ལྟར་རྒྱལ་ཁ་ཐོབ་མུར་བཙུན་མོ་གྱོ་མོ་འཕྲོག་པར་ཆས་པ་ན་སྟག་ལུང་རྒྱལ་བོ་ཁ་སྤོ་ཁ་ནས་ལངས། ཞེ་སྤོ་གཏིང་ནས་ལངས་ཏེ་མར་ལུག་པའི་རྒྱུ་མ་ཕྱིར་ཁོག་ལ་བརྫངས་ཏེ་འཁོར་དམག་ཚོར་ལག་བརྡ་ཞིག་བྱས་པ་ན་མདའ་མོ་སེར་བ་འབབ་འབབ། འཕུར་མདུང་རྟ་རྒོད་རྒྱུག་རྒྱུག་བྱས། ཡུལ་ལྷའི་རྒྱལ་བོས་གནས་ཚུལ་མི་ལེགས་པ་ཤེས་ཏེ་སྤྲུལ་བསྒྱུར་གྱིས་ཁྱི་མོ་དཀར་མོ་དེ་འཕྲལ་རྟ་མཆོག་ངང་དཀར་དུ་བསྒྱུར་ནས་རླུང་ནག་འཚུབ་མ་ཞིག་དང་བསྡེབས་ནས་མགྱོ གས་པོར་བྲོས། མདའ་ སྐྱིན་མདའ་ཡི་དཔེ་ལྟར་སྟག་ལུང་རྒྱལ་བོའི་བསྟུད་མར་མདའ་ཐེངས་གསུམ་འཕངས། མདའ་དང་པོ་དང་གཉིས་པའི་སྐུ་ལས་ལ་གནོད་མ་ཐུབ་པར་སྤྱན་གསུམ་པའི་མངའ་འོག་གི་བློན་ཆེན་འགའ་བསྒྲལ། མདའ་གསུམ་པ་ཐད་ཀར་བྱ་ཁྱུང་མཛོད་ཁང་ལ་དམིགས་ཏེ་འཕངས་ནས་མཛོད་ཁང་བརྡིབས་ཤིང་འཁོར་དམག་མང་པོ་ཞིག་ལ་ཤི་རྨས་བྱུང་། རྗེས་སུ་སྟག་ལུང་རྒྱལ་བོའི་སེམས་མ་བདེ་བར་བཙུན་མོ་གྱོ་མོ་རང་གི་རྒྱབ་རིའི་ཕོ་བྲང་དུ་བཞག་སྟེ་འཁོར་གཡོག་པས་ཉིན་མཚན་དབྱེར་མེད་དུ་སྲུངས་ནས་བསྡད་དོ། །ཡུལ་ལྷའི་རྒྱལ་བོས་ཀྱང་སྟག་ལུང་གི་ངོ་རིག་མ་འདོད་པར་ཁ་ཁྲི་ཀའི་ཕྱོགས་སུ་འཁོར་སོང་། 
དེང་སྐབས་ངག་རྒྱུན་དུ་བྱ་ཁྱུང་ཐུགས་ཁྲོས་ནས་ཁྲི་ཀའི་ཕྱོགས་སུ་འཁོར་ཡོད་ཀྱང་། ཞེ་རེབ་གོང་རོགས་ལོར་ཆགས་ཡོད་ཟེར་བ་དང་བྱ་ཁྱུང་རི་བོའི་འགྲམ་དུ་རི་ཞིག་ཉིལ་བའི་ཤུལ་ཡོད་པ་དེ་ནི་སྟག་རྒྱལ་བོའི་མདའ་འཕངས་ནས་མཛོད་ཁང་བརྡིབས་པའི་ཤུལ་ཡིན་ཟེར། སྟག་ལུང་རི་བོའི་རི་རྩེ་མེད་པ་ནི་ཡུལ་ལྷའི་རྒྱལ་བོས་མདའ་ འཕངས་ནས་རྨོག་འཕྲུ་བཅད་པའི་ཤུལ་དང་། རི་སྐེད་ན་ཅུང་ཉིལ་ཅིང་ལོ་མང་ལ་རྩྭ་མི་སྐྱེས་པའི་ཤུལ་ཙམ་ཡོད་པ་དེ་ནི་ཕོ་བར་མདའ་ཕོག་ནས་རྒྱུ་མ་ལུག་པའི་ཤུལ་ཡིན་ཟེར་ཞིང་། རི་འདབས་སུ་དེའུ་འབུར་མང་པོ་ཡོད་པ་དེ་ནི་འཁོར་དམག་བསད་པའི་ཤུལ་ཡིན་ཟེར། རྒྱབ་ཕྱོགས་སུ་སྟག་ལུང་ལས་སྨི་བཅོ་བརྒྱད་ཀྱིས་མཐོ་བའི་རི་ཞིག་ཡོད་པ་དེ་ནི་སྨན་བཙུན་གྱོ ་མོ་ཡིན་ཟེར། རེབ་གོང་གི་ཁ་དཔེར“ཕོ་མགོ་མི་མཐོ་མོ་མགོ་མཐོ། མོ་མགོ་ཨ་མ་གྱོ་མོ་མཐོ”ཟེར་བ་ཡང་དེ་དུས་བྱུང་ངོ།།