ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > དམངས་སྲོལ།

བོད་པའི་ཚེ་ཐར་སྐོར་གྱི་དཔྱད་ཕྲན།

སྤེལ་དུས། 2013-08-13 22:53:39  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

 བོད་པའི་ཚེ་ཐར་སྐོར་གྱི་དཔྱད་ཕྲན།

དང་པོ། ཚེ་ཐར་གྱི་ངོས་འཛིན།
 
    དེ་ལ་དམངས་ཁྲོད་ཀྱི་ངོས་འཛིན་དང་ཆོས་ཀྱི་ངོས་འཛིན་གཉིས་ཡོད་པ་ལས། དང་པོ་ནི་རང་ལ་དྲིན་དུ་ཆེ་བའི་སེམས་ཅན་སོགས་རང་གིས་བེད་སྤྱོད་བྱས་ཏེ་དུས་ཡུན་རིང་བོ་འགོར་ཚེ་སེམས་ཅན་དེ་དག་ནི་རང་ལ་དྲིན་ཆེ་བས་དེ་དག་གི་དྲིན་གཟོའི་ཆེད་མང་པོའི་གྲས་ནས་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་རྟགས་ཅི་རིགས་ཚང་བ་ཞིག་ཚེ་ཐར་དུ་གཏོང་། ཚེ་ཐར་ནི་སེམས་ཅན་གྱི་ཚེ་ལ་རང་དབང་སྤྲོད་པ་ཡིན་པས་བོད་པ་ཞིག་ཡིན་ན་དེའི་དམིགས་ཡུལ་དང་དགོས་པ་ལ་ཐུན་མོང་མ་ཡིན་པའི་འགྲེལ་ཚུལ་ཡོད།
 
    ཆོས་ལུགས་ཀྱི་ཐད་ནས་ཚེ་ཐར་ལ་ཕྱོགས་གཉིས་ནས་ངོས་འཛིན་གྱི་ཡོད། གཅིག་ནི་རང་གི་རྩ་བའི་བླ་མ་དང་དྲིན་ཆེན་བའི་ཕ་མ་དང་བཟའ་ཟླ་གཉེན་ཉེ་གྲོགས་པོ་སོགས་ཚེ་བསྲིངས་པའི་ཆེད་དུ་སེམས་ཅན་ཚེ་ཐར་དུ་གཏོང་བ་དང་། དེ་དག་ནད་དང་བར་ཆད་ལས་གྲོལ་ཆེད་སེམས་ཅན་ཚེ་ཐར་དུ་བཏང་ན་རང་ཉིད་བགེགས་བར་ཆད་དང་ནད་ལས་གྲོལ་བའི་ངོས་འཛིན་ཡོད། གཉིས་པ་ནི་སེམས་ཅན་སྲོག་ཉེན་ཅན་གྱི་སྲོག་སྐྱོབ་པའི་ཆེད་དུ་ཚེ་ཐར་དུ་གཏོང་བ་སྟེ། དེ་ནི་བླུ་ཡོན་གྱི་སྒོ་ནས་སེམས་ཅན་མང་པོ་ཤན་པ་སོགས་གདུག་པའི་སྐྱེ་བོའི་ལག་བསྐྱབས་ཏེ་ཚེ་ཡི་དབང་སྤྲད་པ་དེ་ལ་ངོས་འཛིན་གྱི་ཡོད།
 
    གཉིས་པ། ཚེ་ཐར་གྱི་རིགས།
 
    སེམས་ཅན་ཚེ་ཐར་གཏོང་བའི་ཚུལ་ལ་རིགས་དང་རྣམ་པ་མི་འདྲ་བ་མང་པོ་ཡོད་དེ། དེ་ལའང་སེམས་ཅན་གྱི་རིགས་མི་འདྲ་བ་ཚེ་ཐར་གཏོང་ཚུལ་དང་། སེམས་ཅན་རིགས་གཅིག་ལ་ཁ་དོག་དང་རྣམ་པ་མི་འདྲ་བའི་ཚེ་ཐར་གཏོང་ཚུལ། ས་གནས་མི་འདྲ་བའི་ཚེ་ཐར་གཏོང་ཚུལ། ཚེ་ཐར་གཏོང་བའི་དུས་ཀྱི་རྣམ་པ་སོགས་དབྱེ་བ་དང་ཁྱད་པར་མང་པོ་ཡོད།
 
    གསུམ་པ། ཚེ་ཐར་གཏོང་བའི་ཚུལ།
 
    ཚེ་ཐར་གྱི་རིགས་མི་འདྲ་བ་ལ་མཚོན་ན་ཕྱུགས་ཟོག་གཙོ་བྱས་པའི་རྟ་དང་ནོར་གནག་ལུག་དང་ར་མ་སོགས་ཚེ་ཐར་དུ་གཏོང་ཚུལ་ཡོད། དེ་ལའང་ཕྱུགས་ཟོག་རེ་རེའི་ཚེ་ཐར་གཏོང་ཚུལ་གྱི་ཐད་ལ་དབྱེ་བ་མི་འདྲ་བ་ཅུང་ཟད་མཆིས་ཏེ། དང་པོ་རྟ་ལྟ་བུ་ཚེ་ཐར་གཏོང་ཚུལ་ལ་རྟ་རྒན་ལོ་ལོན་དང་རྟ་དཔྱད་ཡག་པ། རྒྱུགས་རྟ་བཟང་པོའམ་རྟ་རྟགས་མཚན་ཅན་ནམ་རྟ་རིན་ཐང་ཅན་སོགས་ཆེད་དུ་གཙོ་བོར་བྱེད་པ་དང་། ཚེ་ཐར་གཏོང་བའི་དུས་སུ་བླ་མ་དང་གྲྭ་པ་སོགས་ཀྱིས་རྟ་ལ་མནོལ་བསང་བྱེད་པ་དང་ཤུག་པ་བདུག་པ་ཡུངས་དཀར་ལ་སོགས་པས་བྱབས་ཤིང་བགེགས་བསྐྲོད་བྱས་ཏེ་ཁྲུས་བྱེད་པ་དང་། ཐ་མར་ཚེ་མདོ་དང་ཚེ་གཟུངས་སོགས་ཚེ་ཐར་གྱི་ཆོ་ག་དབྱངས་སུ་གྱེར་ཏེ་རྟའི་རྔོག་མར་གཡང་ར་དང་གཡང་མདུད་འདོགས་པ་དང་། སྐེ་ལ་རྩིད་སྡོམ་དམར་པོ་དང་དྲིལ་ཆུང་ལ་སོགས་བཏགས་ཏེ། ཉི་མ་དེ་རིང་ནས་བཟུང་ཚེ་རིང་ལོ་བརྒྱ་ཐུབ་པའི་ཁ་གཡང་སྒྲོགས་ཤིང་། རྒྱབ་གྱི་སྒ་དང་མགོ་ཡི་སྲབ་སོགས་བཤུས་ཏེ། ད་ནས་བཟུང་བེད་མི་སྤྱོད་པའི་དམ་བཅའ་དང་བཅས་ཏེ་མངགས་གཏོང་བྱེད་པ་དང་། ཕྱུགས་ཟོག་དེ་ཚེ་ལས་ཐར་བའི་རྟགས་མཚན་ལ་བརྟག་ཅིང་དཔྱད་པ་སྟེ། དེས་རང་གི་ཁྱིམ་བདག་དང་སྦྲ་ལ་སོགས་པར་གཡས་སྐོར་རྒྱག་ཅིང་གྱེན་དུ་རྒྱུགས་ན་དེ་ཚེ་ལས་ཐར་བའི་རྟགས་ཡིན། དེ་བཞིན་ནོར་གནག་ལྟ་བུ་ལའང་ཁྱད་པར་ཡོད་པ་སྟེ། ཐོད་ན་འཛི་ཅན་དང་ཀ་ཞར་ཅན། སུག་བཞི་དཀར་པོ་སོགས་གཙོ་བྱས་པའི་ནོར་གནག་ཆེད་དུ་ཚེ་ཐར་གཏོང་བར་བྱེད། ཆོ་ག་ལ་སོགས་པ་གོང་དང་གཅིག་མཚུངས་ཡིན་ཞིང་། ཚེ་ཐར་སོགས་པ་གོང་དང་གཅིག་མཚུངས་ཡིན་ཞིང་། ཚེ་ཐར་གཏོང་ཚུལ་གྱི་རྣམ་པའི་སྟེང་ནས་ནོར་གནག་སོགས་ཀྱི་རྣ་ཕུག་སྟེ་གཡང་ར་འདོགས་པ་དང་། འཕར་སྤྱང་གི་འཚེ་བ་ལས་གྲོལ་ཆེད་སྐེ་ལ་སྲུང་མདུན་འདོགས། ལུག་དང་ར་མ་ཚེ་ཐར་གཏོང་ཚུལ་ལ་སྐེ་དང་རྒྱབ་ཏུ་དར་ཚོན་སྣ་ལྔའི་གཡང་ར་དང་སྲུང་མདུད་འདོགས་ཤིང་ར་མ་ནག་པོ་དང་ར་མ་རྟགས་ཅན། མགོ་རྭ་གྱེན་དུ་ཕྱོགས་ཤིང་ཕུར་མདུད་ཀྱི་རྣམ་པ་ཅན་གཏོང་། ལུག་ལའང་དམིགས་བསལ་གྱི་དབྱེ་བའི་ཆ་ནས་ཁྲོམ་ཚེ་ཐར་དུ་གཏོང་བའི་སྲོལ་ཡོད་པ་སོགས་རེ་རེའི་ཆ་ནས་ཐུན་མོང་མ་ཡིན་པའི་དབྱེ་བ་དང་ཁྱད་པར་ཡོད།
 
    བཞི་བ། ཚེ་ཐར་གཏོང་བའི་དུས།
 
    ཚེ་ཐར་གཏོང་བའི་དུས་ཀྱི་ཆ་ནས་གཙོ་ཆེ་ཤོས་དེ་ལུགས་རྙིང་གི་བརྒྱད་ཉ་སྟོང་སྟེ། ཚེས་བརྒྱད་དང་བཅོ་ལྔ། ཚེས་སུམ་ཅུ་གསུམ་ནི་སེམས་ཅན་ཚེ་ཐར་གཏོང་བའི་ཉི་མ་གཙོ་བོ་གསུམ་ཡིན་ཏེ། རྒྱུ་མཚན་ནི་ཉི་མ་དེ་གསུམ་ག་ནི་འགྱུར་ཆེ་བའི་ཉི་མ་ཡིན་ལ་ཉིན་འདི་གསུམ་ལ་སེམས་ཅན་ཚེ་ཐར་དུ་བཏང་ན་ཉི་མ་གཞན་དག་ལས་འབུམ་འགྱུར་གྱིས་འཕེལ་བའི་དགེ་མཚན་ཡོད། དམིགས་བསལ་གྱི་དབང་གིས་ཉི་མ་སྐར་མ་ངེས་གཏན་མེད་ཅིང་དུས་ཆེན་སོགས་ལའང་ཚེ་ཐར་གཏོང་བའི་སྲོལ་ཀ་ཡོད་དེ། དཔེར་ན། བླ་བྲང་དགོན་པས་གཉིས་པའི་ཚོགས་མཆོད་ཀྱི་དུས་ཆེན་ལྟ་བུ་ལའང་སེམས་ཅན་ཁྲི་སྟོང་མང་པོ་ཚེ་ཐར་གཏོང་བའི་སྲོལ་ཡོད་པ་མ་ཟད། ས་དེར་རོང་འབྲོག་ཁུལ་གྱི་མང་ཚོགས་རྣམས་ཀྱིས་ལུས་ལ་རྒྱན་གོས་ཀྱིས་བརྒྱན་ཅིང་། གསོལ་སྟོན་གྱི་མཛད་སྒོ་སྤེལ་བའི་རྣམ་པ་འདི་ལས་ཚེ་ཐར་གྱི་ཆོ་ག་དེ་དམངས་ཁྲོད་ཀྱི་དུས་སྟོན་གལ་ཆེན་ཞིག་ཏུའང་རིམ་གྱིས་འགྱུར་བཞིན་པའི་ངོས་འཛིན་ཀྱང་ཡོད་པ་རྟོགས་ཐུབ། དེ་ལྟར་ས་གནས་མི་འདྲ་བའི་ཆ་ནས་ཚེ་ཐར་གཏོང་ཚུལ་གྱི་སེམས་ཅན་གྱི་རིགས་ཀྱང་མི་འདྲ་བའི་ཁྱད་པར་ཡོད་དེ། དཔེར་ན། རྒྱ་མི་རིགས་ལྟ་བུས་ཉ་དང་རུས་སྦལ་གཙོ་བྱས་པའི་ཆུའི་ནང་གི་སྲོག་ཆགས་དེ་ཚེ་ཡི་ཐར་བ་གཏོང་བའི་སྲོལ་ཡོད་དེ། རྒྱའི་ཆོས་ལུགས་ཀྱི་དགོན་སྡེ་སོ་སོས་ཉ་དང་རུས་སྦལ་གཉིས་ཆེད་དུ་ཚེ་ཐར་གཏོང་བར་བྱེད་ལ་གནས་གཙོ་བོའང་དགོན་པའི་ཁྲུས་རྫིང་སོགས་ཡིན། དེ་གཙོ་བོ་ཉ་དང་རུས་སྦལ་གཉིས་ཚེ་རིང་བ་སྟེ་ཚེ་ཇི་ལྟར་རིང་བའི་སྲོག་ཆགས་དེ་ཚེ་ཐར་བཏང་ན་དགེ་བ་དེ་ལས་ཆེ་བའི་ངོས་འཛིན་ཡོད་པ་དང་། གཉིས་པ་གསེར་ཉ་དང་རུས་སྦལ་གྱིས་མཛེས་ལྗོངས་ཀྱི་སྣང་བརྙན་བསྐུར་པ་དང་རྫིང་བུའི་ཁོར་ཡུག་དེ་སྙིགས་རོ་དང་དྲི་མ་མེད་པའི་རང་བྱུང་ཁོར་ཡུག་ཏུ་བསྒྲུབས་པའི་ནུས་པ་ཐོན་པའི་ངོས་ཟིན་ཡོད། དམངས་ཁྲོད་ཀྱིས་ཉ་དང་རུས་སྦལ་གཙོ་བྱས་པའི་ཆུར་འཚོ་བའི་སྲོག་ཆགས་གང་ཡིན་པ་ཅི་རིགས་དེ་ཆུ་བོ་ཆེན་པོ་དང་རྒྱ་མཚོ་ཆེན་པོར་ཚེ་ཐར་དུ་གཏོང་བའི་སྲོལ་ཀ་ཡོད་པ་སྟེ། ཆུ་མེད་པའི་གནས་དག་ཏུ་བྱ་དང་རི་དྭགས་སོགས་ལ་ཚེ་སྲོག་གི་རང་དབང་སྦྱིན་པ་དང་། དེའི་དགེ་བ་གཙོ་བོ་ནི་ནད་དང་གདོན་གྱིས་ཟིན་པའི་རང་ཉིད་ཚེ་ཡི་ཐར་བ་དང་བར་ཆད་ལས་སེལ་བའི་སྨོན་འདུན་ཡིན། སྲོག་ཆགས་ཀྱི་གྲངས་ཀ་ཅི་ཙམ་མང་པོར་ཚེ་ཡི་རང་དབང་སྤྲད་ན་མི་རང་ཉིད་ཀྱི་ཚེ་ཡང་དེ་ལྟར་རིང་བའི་ངོས་འཛིན་ཡོད་དོ།།
 
    མཇུག་བསྡུ་བ།
 
    སེམས་ཅན་ཚེ་ཐར་དུ་གཏོང་བའི་ཆོ་ག་འདི་བོད་མ་ཟད། མི་རིགས་གཞན་པ་རྒྱ་རིགས་ལྟ་བུ་ལའང་ཡོད་མོད། སེམས་ཅན་ཚེ་ཐར་དུ་གཏོང་བའི་འདུ་ཤེས་འཛིན་སྟངས་ཐད་བོད་དང་གཞན་པའི་མི་རིགས་བར་གྱི་ཁྱད་པར་དེ་ཐད་ཀར་སོ་སོ་ཡིན། བོད་ཀྱིས་སེམས་ཅན་ཚེ་ཐར་གཏོང་བའི་ཁུངས་ནི་མདོ་ལ་གཏུགས་ཡོད་དེ། དེ་ཡང《གསེར་འོད་དམ་པ་མདོ་སྡེ་དབང་བོའི་རྒྱལ་པོ》ལས། “རྒྱུ་དང་རྐྱེན་གཉིས་ཀྱིས་ཚེ་རིང་བར་འགྱུར་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། སྲོག་གཅོད་པ་སྤངས་པ་དང་། ཁ་ཟས་རབ་ཏུ་སྦྱིན་པའོ”ཞེས་དང་། “སྲོག་གཅོད་གོང་ན་སྡིག་གཞན་མེད”ཅེས་པ་ལྟ་བུའི་དགོངས་བཅུད་ལས་བྱུང་བ་རེད། ཚེ་ཐར་གཏོང་བའི་དགོས་པ་ནི་གོང་གི་མདོ་ཁུངས་དེ་ལས་མ་འདས་མོད། ཆོ་གའི་དབང་གིས་དགོས་པ་གཞན་དག་ཀྱང་མང་པོ་བྱུང་ཡོད་ཅིང་། ཚེ་ཐར་གྱི་ཆོ་ག་འདི་བོད་དུ་འབྱུང་རྐྱེན་ནི“ཡུ་མོ་བྱིན་འབྲེག”སོགས་ལ་འབྲེལ་ཡོད། ཕྱིས་སུ་མགོན་ར་དང་ལྷ་གཡག་ཅེས་ཡུལ་ལྷ་གཞི་བདག་གི་ཆེད་ཚེ་ཐར་གཏོང་བ་དང་། རི་རྒྱ་ཀླུང་རྒྱ་ནི་ད་ལྟ་“སྣོད་བཅུད་དོ་སྙོམས”ཀྱི་གཞུང་ལུགས་སུ་འདྲེན་གྱིན་ཡོད་པས། བོད་ཀྱིས་ཚེ་ཐར་གཏོང་བའི་ཆོ་ག་འདི་འཇིག་རྟེན་དུ་ཡུན་རིང་གནས་པའི་རྟེན་འབྲེལ་ཚང་ལ། དེ་ལས་མང་པོའི་བྱེད་སྒོ་དང་གཞུང་ལུགས་ཡོད་པའི་ཕྱོགས་སུ་འགྱུར་བའི་གདེང་ཚོད་ཀྱང་སྐྱེས་འོས་པ་ཞིག་གོ།