ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > དཔྱད་གླེང་།

དཔྱད་གླེང་ཐེངས་བཅོ་ལྔ་བ།

སྤེལ་དུས། 2013-02-06 10:00:01  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

དཔྱད་གླེང་ཐེངས་བཅོ་ལྔ་བ། 2008ལོའི་རེབ་གོང་ཤེས་རིག་གི་ཟབ་སྦྱོང་སློབ་མ་དང་སློབ་ཆེན་པའི་བར་གྱི་བགྲོ་གླེང། མཚམས་སྦྱོར་བ་ལྷ་རྒྱལ་དོན་འགྲུབ་ཡིན།རེབ་གོང་ཤེས་རིག་གླིང་གིས་གཙོ་སྒྲུབ་བྱས་པའི་2008ལོའི་དགུན་གནང་སྐབས་གྱི་རེབ་གོང་ཤེས་རིག་གླིང་གི་སློབ་མ་དང་སློབ་ཆེན་པའི་བར་གྱི་བགྲོ་གླེང་ཚོགས་འདུ་སྤྱི་ཟླ་དང་པའི་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང། རེབ་གོང་ཤེས་རིག་གླིང་ནས་འཚོགས། ཚོགས་ཞུགས་མི་སྣ་གཙོ་བོ་རེབ་གོང་ཤེས་རིག་གླིང་གི་ལས་འཛིན་པ་ལྕང་སྐྱ་དགེ་འདུན་བཀྲ་ཤིས་དང་ཤེས་རབ། ཟབ་སྦྱོང་སློབ་མ༢༥༠ལྷག དེ་མིན་སློབ་གྲྭ་ཆེན་མོའི་ཚབ་ཞུགས་ལ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་སློབ་མ་དཀོན་མཆོག་དོན་གྲུབ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པའི་དངོས་གཞི་སློབ་མ་ཏིང་འཛིན་རྒྱལ་མཚན་དང་གསེར་འཚོ་སྐྱིད་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དབྱིན་བོད་འཛིན་གྲྭའི་སྐལ་བཟང་ཚེ་བརྟན། ཡི་དམ་ཚེ་རིང་། པདྨ་མཚོ། བསོད་ནམས་མཚོ། མཚོ་སྔོན་མི་རིགས་སློབ་གླིང་གི་ བོད་རིག་པའི་དངོས་གཞི་སློབ་མ་དཔལ་ལྡན་ཚེ་རིང་དང་རྡོ་རྗེ་དོན་གྲུབ།ལྗོངས་རྒྱུ་དོ་དམ་རིག་པའི་དངོས་གཞི་སློབ་མ་ བན་ཏེ་སྐྱིད། གཙོས་དགེ་ཐོན་སློབ་གྲྭའི་རྩིས་རིག་དངོས་གཞི་སློབ་མ་རྡོ་རྗེ་དབང་རྒྱལ། ད་དུང་ཁུང་མིན་དགེ་ཐོན་སློབ་ཆེན་གྱི་གཡང་ཕྱུག་འཚོ་དང་། ཁྲང་ཁྲུན་སྐྱེ་དངོས་སློབ་གྲྭའི་གཡང་ཕྱུག་སྐྱིད་སོགས་ཟུར་ཞུགས་བྱས།ཚོགས་འདུའི་ནང་དོན་གཙོ་བོ་བོད་ཀྱི་སློབ་མའི་སློབ་སྦྱོང་བྱེད་ཐབས་དང་བོད་ཀྱི་རིག་གནས་འཕེལ་ཕྱོགས་སྐོར་ཡིན་ལ། ཀྲུང་དབྱང་མི་རིགས་སློབ་ཆེན་པའི་སྲིད་འཛིན་དོ་དམ་རིག་པའི་དངོས་གཞི་སློབ་མ་ལྷ་རྒྱལ་དོན་འགྲུབ་ཀྱིས་ཚོགས་འདུ་ལ་འགོ་འཛིན་མཛད། སློབ་ཆེན་པ་ཚོས་རང་ཉིད་ཀྱི་སློབ་སྦྱོང་གི་ཉམས་མྱོང་དང་ཆེད་ལས་ཕྱོགས་སྡོམ་བྱས་ཏེ་གཏམ་བཤད་སྤེལ་བ་དང་། ཁོ་ཚོ་དང་ཟབ་སྦྱོང་སློབ་མའི་བར་གྱི་བགྲོ་གླེང་དང་དྲི་བ་དྲིས་ལན་བརྒྱུད་མཐར་བགྲོ་གླེང་ཚོགས་འདུ་རྒྱལ་ཁའི་ངང་མཇུག་བསྒྲིལ།ཐོག་མར་ཤེས་རིག་གླིང་གི་ འགན་འཛིན་པ་དགེ་འདུན་བཀྲ་ཤིས་ལགས་ཀྱིས་ནན་གྱིས་གསུང་དོན། ཐེངས་འདིའི་དཔྱད་གླེང་ཚོགས་འདུ་ནི་ཐེངས་སྔོན་མ་རྣམས་དང་མི་འདྲ་བར། མཁས་པ་ཆེན་པོ་གདན་དྲངས་ཏེ་གཏམ་བཤད་སྤེལ་པ་མ་ཡིན་པར། ཕན་ཚུན་ལ་ཆ་རྒྱུས་དང་འབྲེལ་བ་གཏིང་ཟབ་མཆིས་པའི་སློབ་ཆེན་པ་དང་། ཤེས་རིག་གླིང་གི་ཟབ་སྦྱོང་སློབ་མའི་བར་གྱི་བགྲོ་གླེང་ཡིན་པས། ད་ཐེངས་དེང་རབས་སྤྱི་ཚོགས་ལ་ཁ་གཏད་ཡོད་པས། སློབ་གྲོགས་རྣམས་ལ་མཚོན་ན་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། དེ་བས་སློབ་གྲོགས་ཚོས་གོ་སྐབས་དམ་འཛིན་བྱེད་དགོས་གསུངས་དེའི་རྗེས་སུ་ཞིབ་འཇུག་སློབ་མ་དཀོན་ མཆོག་དོན་འགྲུབ་ཀྱིས་བོད་ཡིག་གི་གལ་ཆེན་རང་བཞིན་དང་སློབ་སྦྱོང་བྱེད་ཐབས་སྐོར་གྱི་རང་ཉིད་ཀྱི་ཉམས་མྱོང་དང་སྦྱར་ཏེ་ནན་བཤད་བྱས། དེ་མིན་སློབ་གྲོགས་གསེར་མཚོ་དང་སྐལ་བཟང་ཚེ་བརྟན་སོགས་ཀྱིས་རང་གི་ཉམས་མྱོང་དང་སྦྱར་ཏེ་སློབ་མའི་སློབ་སྦྱོང་གི་ཁྲོད་དུ་ལྷག་པར་དུ་དབྱིན་སྐད་སོགས་གཞན་གྱི་སྐད་ཡིག་སྦྱོང་དུས་ངེས་པར་དུ་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་དགོས་པའི་སྐོར་གྱི་གཏམ་བཤད་སྤེལ། [ཚོགས་འདུ་དུས་དཀྱིལ་དུ་ཐོན་དུས། ཚོགས་འདུ་ཡོངས་སུ་སྤྲོ་སྣང་དང་གཟབ་བརླིང་གི་་རྣམ་པས་ཁེངས་ཡོད། སློབ་གྲོགས་བན་ཏེ་སྐྱིད་དང་གཡང་ཕྱུག་སྐྱིད་སོགས་ཀྱི་ཆུང་དུས་ནས་རྒྱའི་ཁོར་ ཡུག་ཁྲོད་འཚར་ལོངས་བྱུང་བས། བོད་ཡིག་གཙང་མ་ཞིག་བཤད་མི་ཤེས་པར་ཐམས་ཅད་ལ་དགོངས་དག་ཞུས་པ་དང་འབྲེལ་། ཁོ་མོ་ཚོས་རྒྱ་རིགས་དང་འབྲེལ་ འདྲིས་བྱེད་པའི་བརྒྱུད་རིམ་ཁྲོད་བསམ་བློ་སོགས་ལ་ཡར་ཐོན་ཡོད་ཀྱང་། བོད་ཡིག་བོད་སྐད་མི་ཤེས་པ་ནི་ཧ་ཅང་ཡིད་སྐྱོ་དགོས་པའི་བྱ་བ་ཞིག་ཡིན་ཚུལ་དང་། ཁོ་མོ་ཚོས་བཤད་རྒྱུར། བོད་ཀྱི་སློབ་མའི་རྒྱ་ཡིག་དང་རྒྱའི་རིག་གནས་ལ་སློབ་སྦྱོང་བྱེད་པ་ལ་ཡང་སྙིང་སྟོབས་དང་། ཡིད་ཆེས་ཆེར་བསྐྱེད་དགོས་པ་དང་།དུས་རྒྱུན་ཉིན་ཐོ་སོགས་འབྲི་རྒྱུ་རྒྱུན་འཁྱོངས་བྱས་ན་ཕན་ཐོགས་ཆེ་ཚུལ་བཤད། ད་དུང་སློབ་གྲོགས་རྡོ་རྗེ་དབང་རྒྱལ་གྱིས་རྩིས་རིག་སྦྱངས་ན་ངེས་པར་དུ་སློབ་ཁྲིད་སྐབས་ བསམ་བློ་བསྒྲིམས་དགོས་པ་དང་། ཞོར་ཏུ་ལག་ལེན་མང་དུ་བྱེད་དགོས་པ་བསྟན།སློབ་གྲོགས་རྣམས་ཀྱིས་གཏམ་བཤད་སྤེལ་ཚར་རྗེས། ཟབ་སྦྱོང་སློབ་མ་སྐོར་ཞིག་གིས་དྲི་བ་གཅིག་རྗེས་གཉིས་མཐུད་ཏུ་བཏོན་པ་དང་། སློབ་གྲོགས་ཚོས་དྲི་ལན་འདེབས་ཞིང་། ཕན་ཚུན་བར་ལ་དྲི་བ་དང་འབྲེལ་ཡོད་པའི་བོད་ཀྱི་བསམ་བློའི་འདུ་ཤེས་འཛིན་སྟངས་སྐོར་ལ་འགྲན་རྩོད་ཀྱི་བགྲོ་གླེང་གནད་དུ་ཐིངས་པ་སྤེལ། ཚོགས་འདུའི་མཇུག་ཏུ། ལྕང་སྐྱ་དགེ་འདུན་བཀྲ་ཤིས་ཀྱིས་སློབ་གྲོགས་ཚོས་རྗེས་ཕྱོགས་ཀྱི་སློབ་སྦྱོང་ཁྲོད་ཐེངས་འདིའི་ཚོགས་འདུའི་དགོངས་དོན། ལག་ལེན་དོན་འཁྱོལ་ཏུ་གནང་དགོས་པ་དང་། སློབ་ སྦྱོང་གི་འབྲས་བུ་མཐོར་འདེགས་གཏོང་དགོས་པའི་རེ་བ་བཏོན་པ་དང་ཆབས་ཅིག རེབ་གོང་ཤེས་རིག་གི་རྗེས་ཕྱོགས་ཀྱི་དཔྱད་གླེང་བཀོད་སྒྲིག་ཁྱབ་བསྒྲགས་བྱས་རྗེས། བཀྲ་ཤིས་བདེ་ལེགས་ཀྱི་དགའ་འབོད་སྟོང་ཕྲག་དང་བཅས་ཐེངས་འདིའི་ཚོགས་འདུ་མཇུག་བསྒྲིལ།