ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > རྩོམ་རིག

འབར་རྡེའུ་དང་ཁོང་གི་འབོལ་རྩོམ།

སྤེལ་དུས། 2013-10-16 13:41:35  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

 image.jpgimage.jpg

                         
 
                                               ཤ་གཟུགས་ཤེད་འཚོང༌།
        སྤྱི་ལོ་ཉིས་སྟོང་དྲུག་ལོའི་རྒྱ་ལོའི་ལོ་སར་གྱི་དགོང་མོ་དེ་ངས་ནམ་ཡང་བརྗེད་དུ་མེད།དགོང་མོ་དེར་ཕ་ཡུལ་ལ་གློག་ཆད་སོང༌།གློག་ཆད་པའི་དགོང་མོ་དེར་ངས་ཏག་ཏག་མདོ་སྨད་ཀྱི་མང་ར་ཞེས་འབོད་པའི་ལུང་ཁོག་ཅིག་ཏུ་མི་འདོད་བཞིན་རྒྱ་ལོ་སར་གྱིན་ཡོད། རྒྱ་ལོ། ཡུལ་མི་རྣམས་ཀྱིས་འཁང་སེམས་དང་བཅས་ད་ཡང་དབང་ཅན་སུ་ཞིག་ར་བཟི་རྗེས་བསམ་བཞིན་གློག་བཅད་དེ་མི་སེར་ལ་ཐུབ་ཚོད་བྱེད་ཀྱི་ཡོད་དོ་ཟེར། དེ་འདྲ་ཡིན་མི་སྲིད་ཀྱང་ཐུབ་ཚོད་ཅེས་པའི་ཚིག་དེས་ངའི་ཡིད་ལ་ཚིག་ཀ་གཞན་ཞིག་སྟེ་གྲོགས་པོའི་རྩོམ་ལས་བྱུང་བའི་ཤ་གཟུགས་ཤེད་འཚོང་ཞེས་པ་དྲན་པར་བྱས། ཁྱོད་ལ་གློ་བུར་མུན་ནག་སྐྱིལ་མཁན་ནི་དབང་བོ་འཆོལ་བའི་ར་བཟི་པ་ཞིག་ཡིན་མི་དགོས་ན་ཡང་། མི་སེར་ཕལ་མོ་ཆེ་ཤ་གཟུགས་ཤེད་འཚོང་མྱོང་མཁན་ཡིན་པ་སུ་ཡིས་བསྙོན། དངོས་གནས།ཤ་གཟུགས་ཤེད་འཚོང་གི་རྩེད་ཆས་སུ་གྱུར་པའི་འུ་ཚོས་ཀྱང་ཤ་གཟུགས་ཤེད་འཚོང་ཞེས་པའི་ཡིག་འབྲུ་བཞི་བོ་རྩེད་ཆས་བཞིན་གཏོར་ཅིང་སྒྲིག་པའི་ཡི་གེའི་རོལ་རྩེད་ཅིག་བརྩམས་ཚེ་བློ་སྐྱེད་ཁ་ཤས་གསར་དུ་སྐྱེ་བའམ་གསལ་དུ་འགྲོ་བ་མ་ཡིན་ནམ། དཔེར་ན། རྩེད་ཆས་དེ་དུམ་བུར་བགོས་ཏེ་ཤ་གཟུགས་དང་ཤེད་འཚོང་གཉིས་སུ་འབྱེད་པའི་དབང་དུ་བཏང་ན་སྔ་མ་ཤ་གཟུགས་ནི་བླུན་པོ་དང་ཕྱི་མ་ཤེད་འཚོང་ནི་མི་སེར་གྱིས་བཤད་པའི་ཐུབ་ཚོད་དེ་ཤ་གཟུགས་དང་ཤེད་འཚོང་གཉིས་ཡང་བསྐྱར་ལྷན་དུ་སྒྲིག་པའམ་སྦྱར་ན་བླུན་པོས་ཐུབ་ཚོད་གཏོང་བར་གོ་ཆོག་པ་དང༌། ཡང་ན་ཤ་གཟུགས་ཤེད་འཚོང་ཞེས་པའི་ཡིག་འབྲུ་བཞི་བོ་ལྷུ་ལག་བཞིན་གཏོར་ཏེ་མིང་རྐྱང་བཞི་རུ་དགར་བའི་དབང་དུ་བཏང་ནའང་སོ་སོར་འགྲེལ་དུ་ཡོད་པ་སྟེ། ཤ་ནི་རྒྱགས་པ་སྟེ་འབྱུང་བོ་ཙམ་དང༌། གཟུགས་ནི་རུས་སྒྲོམ་ལ་བརྟེན་པའི་རོ་ལངས་ལྟ་བུ་དང༌། ཤེད་ནི་དབང་ཤེད་དེ་སྨྱོན་པའི་ལག་གི་རལ་གྲི་དང༌། འཚོང་ནི་སྦྱོར་བ་དང་བྱ་བྱེད་མཚོན་པའི་ལས་ཚིག་དོན་མང་ཅན་ནོ། ཞིབ་ཏུ་བསམས་ཚེ།ཤ་གཟུགས་སུ་འབོད་པའི་དཔོན་པོ་རྣམས་ལ་བླུན་པོ་ཞེས་ན་དམའ་ཕབས་དྲགས། ཁོ་ཚོས་ཁྲི་འཕང་རེ་རེར་འཛེག་ཕྱིར་སྤྱད་པའི་བློ་རིག་གམ་ལྐོག་གཡོ་ནི་ཕལ་པའི་བློ་ངོར་ཤོངས་པ་ཞིག་ག་ལ་ཡིན། འབྱུང་པོ་རོ་ལངས་ཞེས་ཀྱང་སྒྲོ་བཏགས་སོང༌། ཁོ་ཚོ་འབྱུང་པོ་རོ་ལངས་ཙམ་གྱི་རྐང་གཉིས་པ་ཞིག་ཡིན་ན་ཁྱོད་ལ་འཚེ་བར་མི་འགྱུར་ལ་ཤེད་འཚོང་བྱེད་དོན་ཡང་དམིགས་ཡུལ་ཡོད་པའི་བློ་རིག་གམ་ལྐོག་གཡོ་ཞིག་ཡིན་ན་དོན་གྱི་བླུན་པོ་སུ་ཞིག་རེད། ཉེས་མེད་ཀྱི་ཁྱོད་ལ་དོན་གྱི་བླུན་པོ་དང་གཏན་གྱི་ཐུབ་ཚོད་མྱོང་མཁན་གཉིས་ཀ་ཁྱོད་རེད་དོ་ཞེས་ན་ངས་ཀྱང་རྒྱུ་འབྲས་མེད་པར་ཤ་གཟུགས་ཤེད་འཚོང་གི་སྟེང་ལ་ཤ་གཟུགས་ཤེད་འཚོང་བྱས་མ་སོང་ངམ། དེའི་ཕྱིར་དོན་དག་བལྟོས་འཇོག་གིས་བཤད་དགོས་པ་འདྲ།བལྟོས་འཇོག་གིས་བཤད་ན་དཔོན་པོ་ཡོད་ཚད་བླུན་པོ་མིན་ན་ཡང་ཁོ་ཚོའི་ཁྲོད་དུ་བླུན་པོ་རེ་གཉིས་མེད་མི་སྲིད་པ་དང་དེ་ཚོ་ཚང་མ་མཁས་པར་བལྟོས་ན་བླུན་པོ་ཡིན་པ་བདེན་གྲུབ་དང༌། མི་སེར་ཚང་མ་དོན་མེད་ཀྱི་ཐུབ་ཚོད་མྱོང་མཁན་མིན་ན་ཡང་དམིགས་བསལ་གྱི་ཁོར་ཡུག་ནས་དཔོན་པོ་བླུན་པོ་རྣམས་ཀྱི་དོན་མེད་ཀྱི་ཐུབ་ཚོད་འཁུར་དགོས་པའང་དངོས་དོན་སྟེ་དེའི་ཁྲོད་དུ་ང་རང་ཉིད་ཀྱང་འདུ་བ་སུ་ལ་གསང༌། སྤྱིར་ན་འུ་ཅག་གི་སྤྱི་ཚོགས་འདི་ཤ་གཟུགས་ཤེད་འཚོང་བྱེད་མཁན་དང་ཤ་གཟུགས་ཤེད་འཚོང་མྱོང་མཁན་རིགས་གཉིས་ཀྱིས་གྲུབ་ཡོད་ཅིང་དེ་ལའང་རྣམ་པ་རིམ་པ་མང་པོ་ཡོད་པ་ལས་བྱེ་བྲག་གི་ནང་གསེས་རེ་གཉིས་ཀྱང་དབྱེ་ཆོག་སྟེ། ཤ་གཟུགས་ཤེད་འཚོང་བྱེད་མཁན་ལའང་ཤ་གཟུགས་ཤེད་འཚོང་བྱེད་མཁན་ཡོད་པ་དང་གནས་སྐབས་སུ་ཤ་གཟུགས་ཤེད་འཚོང་མྱོང་དོན་ནི་མཐའ་མར་ཤ་གཟུགས་ཤེད་འཚོང་ཁོ་ན་བྱེད་པའི་ཆེད་དུ་ཡིན་ཕྱིར་ན་ཟུག་དེ་ཙམ་པོ་བཟོད་ཐུབ་པ་ཡིན། དེ་ལས་ལྡོག་སྟེ་ཤ་གཟུགས་ཤེད་འཚོང་མྱོང་མཁན་འུ་ཚོ་ནི་ནམ་ཡང་ཤ་གཟུགས་ཤེད་འཚོང་མྱོང་མཁན་ཡིན་པ་དང་མི་འདོད་བཞིན་ཤ་གཟུགས་ཤེད་འཚོང་མྱོང་བ་ལ་དགོས་དབང་གི་དམིགས་ཡུལ་སོགས་ཅི་ཡང་མེད་ན་ཡང་ནམ་རྒྱུན་ཤ་གཟུགས་ཤེད་འཚོང་ཁོ་ན་མྱོང་དགོས་པའི་ཁར་ཤ་གཟུགས་ཤེད་འཚོང་མྱོང་མཁན་མང་ཆེ་བར་ན་ཟུག་ཅི་ཡང་མེད། གཅིག་བྱས་ན་ཤ་གཟུགས་ཤེད་འཚོང་མྱོང་མཁན་ཁྲོད་ཀྱི་ཉུང་ཤས་དེའི་ཚོར་བ་ཅི་ལྟར་རྣོ་ཡང་ན་ཟུག་ཅི་འདྲ་ཆེ་ཡང་བཟོད་བསྲན་མི་བྱེད་ཐུ་མེད་ཡིན་ཚོད་རེད། དེ་ཡང་ཤ་གཟུགས་ཤེད་འཚོང་མྱོང་མཁན་མང་གྲས་སུ་གཏོགས་པའི་ཡུལ་མི་རྣམས་ཀྱིས་མཚན་མོ་དེར་གློག་ཆད་པའི་སྣང་ཚུལ་ལ་འཁང་གཏམ་བརྗོད་དུས་ཤ་གཟུགས་ཤེད་འཚོང་མྱོང་མཁན་ཉུང་གྲས་སུ་རློམ་འདུག་པའི་ངས་ཅི་ཞིག་བྱ་འོས། ཤ་གཟུགས་ཤེད་འཚོང་བྱེད་མཁན་དག་གི་ངག་ཚབ་བྱས་ནས་དེ་འདྲ་མི་སྲིད་དོ་ཟེར་དགོས་སམ་སྲིད་ཀྱང་ཐབས་ཤེས་མི་འདུག་ཟེར་དགོས། ཡོན་ཏན་ཁྱོད་ལ་ཡོད་ཀྱང་དབང་ཆ་ང་ལ་ཡོད་ཟེར་ཕོད་པའི་ཤ་གཟུགས་ཤེད་འཚོང་མཁན་ཞིག་གིས་ངས་བྲིས་པའི་གཞས་ཚིག་ལས་རྒོད་པོ་ཁྱུང་ཆེན་དུ་བཅོས་མྱོང་བ་སྒྲུབ་བྱེད་དུ་བཀོད་ནས་ཤ་གཟུགས་ཤེད་འཚོང་གང་ནའང་ཡོད་ཟེར་དགོས་སམ། ངའི་ན་ཟུག་ཀུན་ལས་ཆེ་ཟེར་རམ།
དགོད་བྲོ་བ་ཞིག་ལ། ཕྱི་ཉིན་གསལ་ཁ་བྱུང་བ་ནི་སུ་དང་གང་གི་ལག་རྗེས་ཀྱང་མ་ཡིན་པར་མཚན་མོ་དེར་ཕ་ཡུལ་གྱི་ཤ་གཟུགས་ཤེད་འཚོང་གཏོང་མཁན་དང་མྱོང་མཁན་གཉིས་ཀར་གློག་ཆད་སོང༌།
བཟོད་དཀའ་བ་ཞིག་ལ།ངས་ཕ་ཡུལ་ལ་དམིགས་བསལ་དུ་འཁྲབ་སྟོན་བྱས་པའི་གར་ཆུང་གསར་པ་བརྙན་འཕྲིན་ལས་བཏང་ཚེ་ངའི་འཁྲབ་གཞུང་ལ་གཅོད་འབྲེག་གཏུབ་གསུམ་ཐེབས་འདུག་པ་ཡོན་ཏན་མེད་ཀྱང་དབང་ཆ་ཡོད་པར་སྙེམས་པའི་ཕ་ཡུལ་གྱི་སྐྱེས་མ་ཤ་གཟུགས་ཤེད་འཚོང་མཁན་ཞིག་གི་ལག་རྗེས་ཡིན་སྐད།
སྤྱི་ལོ་ཉིས་སྟོང་དྲུག་ལོའི་རྒྱ་ལོའི་ལོ་སར་གྱི་དགོང་མོ་དེ་ངས་ནམ་ཡང་བརྗེད་དུ་མེད།
 
                                                                      2006.3.5 a.m 3:40 Sunday
                           སྐྲ་དང་སྐྲ་ལོའི་སྐོར་གྱི་བསམ་གཞིག
                                              (ཁག་གཉིས་པ)
མི་ལོ་དུ་མའི་རྗེས་སུ། ཕ་མ་གཉིས་ཀྱིས་ང་རང་འཇིག་རྟེན་འདིར་འབྱོར་བའི་ཚུལ་ལ་ཕྱིར་དྲན་བྱེད་སྐབས། ཨ་མས་བཤད་ན“སྐྱེས་མ་ཐག་ནས་མགོ་སྐྲ་ནག་ཀྲིག་གེར……སྙིང་རྗེ་པོ་ཞིག་ཡོད”ཟེར། ཨ་ཕས་བཤད་ན“སྐྲ་སྤར་མོ་གང་གི་གསེབ་ན་མི་སྤར་མོ་གང༌། ཅུང་མིན་ན་ཤི་སོང”ཟེར།ཧ་མི་གོ་རྒྱུ་ཅི་ཡང་མི་འདུག ཨ་མའི་ངག་གི“སྙིང་རྗེ”དེ་ནི“བུ་ཕྲུག་རང་གི་བུ་ཕྲུག་ཡག”པའི་སྙིང་རྗེ་དེ་མ་ཡིན་པར་ཨ་ཕས་དཔེ་འཇོག་བྱས་པའི་ཤུགས་བསྟན་གྱི་སྐམ་རིད་ཉམ་ཐག་གི་ཚེ་སྲོག“ཕྱིར་འགྲོ་ལ་ཁད”ཅིག་མཐོང་མུར“བྱམས་དང་སྙིང་རྗེའི་བདག་པོ”རུ་འབོད་པའི་མགོ་ནག་བོད་པ་སུས་ཀྱང་ཁ་ནས་བཟློ་སྲིད་པའི“སྙིང་རྗེ”དེ་རང་རེད་འདུག
ད་ནི།སྙིང་རྗེ་པོ་ཞིག་ཡོད་ན་ད་དུང་ལོ་ཟླ་ཁ་ཤས་ལ་བེད་ཆོད་ཚོད་རེད།
“སྙིང་རྗེ་སྐྱེ”དགོས་པའི་དགོས་པའང་བསལ་ནས་ལོ་ཟླ་མང་པོ་ཕྱིན་སོང༌།
“བརྒྱ་བཤད་ཚིག་གི་རྩ་བ། སྟོང་དཀྲུག་འོ་མའི་མར་ལོ”ཅི་ཡིན་ཟེར་ན། ཕ་མ་གཉིས་ཀས་གླེང་མྱོང་བའི་ངའི་མགོ་སྐྲ་སྤར་མོ་གང་བོ་དེ་ཡང་ཡང་སྐྱེས་ཏེ་སླར་ཡང་བྱི་ནས་ད་ལྟ་ཡང་བསྐྱར་སྤར་མོ་གང་ལ་འགྱུར་ཉེན་ཆེ། དེའི་ཕྱིར། ཚེ་འདིར་ལས་འབྲེལ་བྱུང་བའི་སྐྲའམ་སྐྲ་ལོའི་ངོས་ཐད་ནས་ཡིག་རྡོག་རེ་གཉིས་བྲི་རན་འདུག
ཁྱོད་ཀྱིས་མི་རློམ་ན་ཐང༌། ང་རང་ལོ་ན་བདུན་བརྒྱད་ལ་སོན་དུས་ཀྱང་ཆུང་ལོ་གསུམ་སྐབས་ཀྱི“མནོལ་སྐྲ”ཡིན་ཟེར་བའི་སྐྲ་འཕྱང་གི་ཨ་ལོང་ཞིག་བལ་སྐུད་ཀྱིས་དཀྲིས་ཏེ་སྟོད་ལྭའི་རྒྱབ་གཞུང་ལ་བཙེམས་ཡོད་པ་ད་དུང་གསལ་ལྷང་ངེར་དྲན་རྒྱུ་འདུག ཁེ་གྲི་རྙིང་པ་ཞིག་གི་བརྩམས་ཆོས་ཏེ་ལོ་ལ་མ་ལོན་པའི་བོད་ཀྱི“དགེ་སྦྱོང་མགོ་རེག”ཅིག་དང་བོད་ལྭ་གྱོན་པའི“རྒྱ་ནག་གླང་རྫི”དཔྲལ་ཕུད་ཅན་ཞིག་མེ་ལོང་ཆག་པོ་ཞིག་གི་གྲུ་ཟུར་ལས་རེས་མོས་སུ་མངོན་པ་ནི་སྐབས་དེའི་རང་ཉིད་ཀྱི་གཟུགས་སྣང་བཟོ་ལྟ་ཡིན། ཕྱིས་སུ། ཡུད་དང་ཡུད་ཀྱིས་ཚད་ལྡན་སྐྲ་གྲི་ཡོད་པར་གྱུར། ཆག་ཀྲུམ་མ་ཤོར་བའི་མེ་ལོང་ངོས་སུའང་ལྟ་ཐུབ་པ་བྱུང༌། གཟུགས་སྣང་བཟོ་ལྟ་ལ་འགྱུར་ལྡོག་བྱུང་སྟེ་སྨིན་མཚམས་ནས་ཚལ་བར་ཕྱེ་བའི“ནང་རུལ་པའི་མགོ་སྐྲ”དང་ཆ་འདྲ་བ་ཞིག་ཡག་མདོག་གིས་ཤད་ཞོར་སློབ་གྲྭ་འགྲིམ་ཐུབ་པ་བྱུང༌། དེ་ནས་བཟུང༌། ཕ་མས་ཀྱང“སློབ་གྲྭའི་སྒྲིག་ལམ་གཙིས། དགེ་རྒན་གྱི་ཁ་ལོངས་ལ་ཚིག་གཙིས”ལྟ་བུའི་སློབ་གསོའི་ཟུར་རྒྱན་གྱི་སློབ་གསོ་ཞིག་ནམ་རྒྱུན་རྣ་ལམ་དུ་འཇོག་གིན་ཡོད་པའི་ཁར་ལོ་རབས་དེའི་སློབ་གྲྭ་ནི་དྲག་པོའི་མཚོན་ཆ་མེད་པའི“དམག་དཔུང”ཞིག་ཡིན་ཟེར་དཀའ་རུང་སྒྲིག་ལམ་གྱིས“གཅུན”ས་ཞིག་ཏུ་ད་ལྟའང་ཁས་ལེན་སྲིད་ཅིང༌། “དགེ་བའི་བཤེས་གཉེན་ཆེན་པོ”དག་ནི“བླ་སློབ”གཉིས་ལས“བླ་མ”དང་དེའི་གང་དྲན་ཅི་གསུངས་པའི་ཚིག་ནི“སྣོད་ལྡན”གྱི“སྣོད”ལ་གཞུག་བྱའི“གསེར”ལྟ་བུར་ལྟ་བའི་ཆ་ནས“དགོན་སྡེའི”ཁྱད་ཆོས་ཤིག་ཀྱང་དེ་རིང་གི་དུས་ལས་ཅུང“ཚབས་ཆེ”བའི་ཚོད་དུ་ཡོད་ཕྱིར། “དམག་དཔུང”གི་སྒྲིག་ལམ་དང“བླ་མ”ཡི་བློ་མིག་དང་བསྟུན་པའི་ངའི“ནང་རུལ་པའི་མགོ་སྐྲ”དེའི་སྐྲ་ཚད་ཀྱང་རྣ་གཤོག་གི་གཤམ་ལ་བུད་མ་མྱོང༌། ཡིན་ན་ཡང༌། སློབ་བུ་ནང་ཁུལ་གྱི་བཙན་གཉོམ་དབུལ་ཕྱུག་གི་ཁྱད་པར་མི་གསལ་སའམ་ཀུན་དང་འདྲ་བར་རང་གིས་ཀྱང་ངོམ་ཆོག་པ་ཉག་གཅིག་ནི་སྔར་བཞིན“ནང་རུལ་པའི་མགོ་སྐྲ”དེ་ཡིན་ལ། རྩྭ་ཐང་གི་རྫི་བུ་རལ་ལི་ཅན་ཚོ་དང་བསྡུར་ན་མ་འོངས་པར“སྣོད་ལྡན”གཞན་གྱི“སྣོད”དུ“གསེར”ལྡུག་མཁན“བླ་མ”སྟེ“རིག་མ”ཡང་ཡོད་ཆོག་པའི་དགེ་རྒན་ཞིག་ཏུ་འགྱུར་རུང་བ་དང༌།དགོན་པ་གྲྭ་ཚང་གི་བན་ཕྲུག་མགོ་རིལ་ཚོ་དང་བསྡུར་ན“འདོད་གཞས”བཏང་ཆོག་པར་མ་ཟད་སྔ་ས་ནས་དགའ་རོགས་བཙལ་ནའང་འགལ་ཆ་ཆུང་བ་མཚོན་བྱེད་ཀྱང“ནང་རུལ་པའི་མགོ་སྐྲ”དེའོ།། 
དེ་མིན“ནང་རུལ་པའི་མགོ་སྐྲ”ཡི་སྟེང་དུ་ཕྱིས་སུ་ད་གཟོད་དམར་སྲུང་དམག་མིའི་ཞྭ་རུ་ངོ་འཕྲོད་པའི་རྒྱ་ཞྭ་སེར་པོ་ཞིག་གི་ནང་ལ“ཁ་གཡང”གིས་བཀང་བའི་ཚགས་པར་རམ་བུ་མོ་ཚོའི་སེང་རས་མགོ་དཀྲིས་བརྫངས་ཏེ་གྱོན་མྱོང་ཡང༌། དེ་ནི“རིག་གསར”གྱིས་བསྐྱུར་པའི་སྐབས་དེའི་ཡུལ་གོམས་དར་སྲོལ་ལ་ལད་ཟློས་བྱས་པ་ཙམ་ལས“དངོས་གཞིའི་དམག་དཔུང”ཞིག་གམ“དམག་མི་ངོ་མ”ཞིག་གི་སྐོར་ལ་བསམ་བློ་འཁོར་མ་མྱོང་བ་འདྲ། སྒྲུང་གཏམ་བོད་འགྱུར་མ«འོད་འཚེར་བའི་སྐར་མ་དམར་པོ»ཁོ་ན་སློབ་གསེང་གི་བཀླག་བྱ་དང་སྒྲུང་གཏམ་དེ་གློག་བརྙན་དུ་བཟོས་རྗེས་དེའི་ནང་གི་མི་སྣ་གཙོ་བོ་སྟེ་དམག་མི་ཆུང་ཆུང་ཕན་ཏུང་ཙིའི་སྣང་བརྙན་ནི་སྐབས་ཐོག་དེའི་བྱིས་པ་ཐུན་མོང་གི་སྨོན་བཀུར་བྱ་ཡུལ་ཡིན་རུང༌། དབྱར་དགུན་གནང་གི་སྐབས་སུ་དབྱུག་པའི་སྣེ་གཉིས་སྐ་རགས་ཀྱིས་བསྡམས་ནས་མེ་མདའི་ཚུལ་དུ་ཁུར་ཏེ་བྱིས་པ་ཚོའི་འཐབ་འཛིང་གི་རྩེད་འཇོར་ཞུགས་མྱོང་ཡང་།། 
སློབ་གྲྭ་ནས་སློབ་གྲྭ་བརྒྱུད་པའི་མཐའ་མར།སྣུམ་དཔར་མ་ནས་ལྕགས་དཔར་མར་གྱུར་པའི་བརྡ་སྤྲོད་བསླབ་གཞི་ཁ་ཤས་ཀྱི་ཞར་དང་ཞོར་ལ་ཁྲག་དྲི་འཐུལ་བའི«ཆུ་ངོགས་གཏམ་རྒྱུད»དང་ལྐོག་གཡོས་ཁེངས་པའི«རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད»སོགས་སྒྲུང་གཏམ་བོད་འགྱུར་མ་རེ་གཉིས་བཀླགས་ཚར་དུས།ངའི“བླ་མ”ཡི“རྨི་ལམ”དང“གསེར”དང“སྣོད”ཀྱི་འཆར་གཞི་ལའང་འགྱུར་ལྡོག་བྱུང་འདུག་སྟེ། སྔར་གྱི“ནང་རུལ་པའི་མགོ་སྐྲ”ཁུར་བའི་རིག་གནས་སློབ་གཉེར་པ་དེ་སྐྲ་ཚད་རང་དབང་ན“ཡོད”པའི་སྒྱུ་རྩལ་ལས་གཉེར་པ་ཞིག་ཏུ་གྱུར་སོང༌། གྱུར་ནས་ཀྱང་གྲོང་ཁྱེར་གྱི་འཚོ་བ་སྐྱེལ་དགོས་བྱུང༌། ཁོར་ཡུག་དང་ལས་ཀར་མ་འདྲིས་གོང་ནས་བསམ་བཞིན་དུ“ནང་རུལ་པའི་མགོ་སྐྲ”ལ“དཀར་འདོན”གྱི་ཚུལ་དུ“བཟོ་བཅོས”སྣ་ཚོགས་བརྒྱབ་ཅིང༌། བཟོ་བཅོས་བརྒྱབ་པའི་མགོ་སྐྲ་དེ་ཡང་རིམ་བཞིན་མ་བཅོས་རང་བཞིན་དུ་གནས་པའི་ཟོལ་གྱིས་སིལ་བུར་འཕྱངས། བུ་མོ་ཚོའི་འདྲེན་བྱེད་ལ“ཕོག་ཐུག”གཏང་རྒྱུ་དང་རང་གི་ལང་ཚོར“ཁ་སྣོན”རྒྱག་པའི་དམིགས་ཡུལ་ཙམ་པོ་བའི་ཕྱིར་དུ་རྐང་པ་རུལ་ནས་འདག་པར་གྱུར་ཀྱང་མགོ་ན་འོད་དང་མདངས་ཤིག་ཡོད་པར་བྱས། སྐབས་དེར། གལ་ཏེ་སྐྱེད་མོས་ཚལ་གང་རུང་ཞིག་ཏུ་སྒྲེན་པོར་ཉལ་ཚེ་སྔ་མར་སྦྲང་ནག་དང་ཕྱི་མར་གཡུ་སྦྲང་མི་འཁོར་བའི་ངེས་པ་མེད་ཀྱང་ངས་ཚོད་ལྟ་བྱས་མ་མྱོང༌། གང་ལྟར། མགོ་རྐང་གཉིས་ཀར“གྲལ་རིམ“གྱི་དབྱེ་བ་བྱུང་བ་ནས“ཚེ་གཡོག”ལྟ་བུའི“བྲན་ནག”ཅིག་ཡོད་ན་རྐང་འབོབ་ཀྱི་ཕྱི་རུ་འཇུར་བའི་མཐེ་བོང་ཡིན་སྲིད་ཅིང༌། མཐེ་བོང་ལ་སྨྲ་ལྕེ་ཡོད་པའི་དབང་དུ་བཏང་ན་རྐང་མཛུབ་ཚང་མའི་ཚབ་བྱས་ཏེ“ང་ཚོར་འཐོབ་འོས་པ་ཐམས་ཅད་གྲོང་ཁྱེར་གྱི་སྲང་ཀྱོག་ཁར་འཚངས་པའི་སྐྲ་གཞར་ཁང་དག་ལ་ཐིམ་སོང”མི་ཟེར་བའི་ངེས་པ་དེ་བས་ཀྱང་མེད། དེ་བཞིན་མགོ་སྐྲས་ཀྱང་བདག་པོའི“ཕྱོགས་ལྷུང”ལ“དགག་པ”རྒྱག་པའམ་རང་གིས“གསུག”ཟོས་པར“འགྱོད་བཤགས”བྱ་དགོས་ཚོད་ཡིན། དོན་ལ་དེ་འདྲ་སྲིད་ཀྱང་ངས་ཐོས་ཐབས་བྲལ། ངས་ཐོས་པ་ནི་སྨྲ་ཤེས་པའི་མིའི་སྤྱི་ཚོགས་ཀྱི “གསུག”ཟ་མཁན་ཚོའི་ངག་གི་བཀའ་བཀྱོན་ཡིན། ཐེངས་དང་པོར་ཕ་ཡུལ་དུ་ལོག་དུས།ཡུལ་ཚོ་དེའི་བདག་དབང་དང་འཚོ་བཅུད་ཡོད་ཚད་ཁུར་ལོས་ཡོད་སྙམ་པའི་དཔོན་པོ་རྒྱགས་པ་ཞིག་གིས་རང་གི་ལྟོ་བར་བྱིལ་བྱིལ་གཏོང་བཞིན“འདི་་་་་འགྱུར་འདུག ཨ! མགོ་ཡི་ཅོ་སྤུ་དེ་ཚོ་འདིའི་ཕ་རྒན་གྱིས་མི་གཞར་ན་ངས་གཞར་དགོས་རྒྱུ་རེད། ཨ!”ཟེར། དེ་ནི་སྤྱིར་བཏང་གི་སྐྱོན་བརྗོད་ཅིག་དང་བཏང་སྙོམས་སུ་བཞག་ཆོག་པའི་ཉེན་བརྡ་ཞིག་རྩ་བ་ནས་མ་ཡིན། བཀྲལ་ནས་བཤད་ན། “འདི”ཞེས་པའི“མི”དེའི་སྐྲ་རུ་འབོད་དཀའ་བའི“མགོ་སྤུ”རིང་དྲགས་ཏེ“སློབ་གསོ་མྱོང་མཁན”གྱི་ཚུགས་ཀ་མེད་པ་དང“འདི”ཞེས་པའི“མི”དེ་རྒྱལ་ཁབ་འདིའི“དར་དམར་འོག་ཏུ་འཚར་ལོངས་བྱུང”བའི་མི“གསར་སྐྱེས”རྣམས་ཀྱི་ཆ་ལུགས་ལས་ལོག་པའི“གཞན”ཞིག་ཏུ“འགྱུར”བ་མཚོན་པ་དང༌། “འགྱུར”ཞེས་པའི“ཉེས་པ”དེའི“ཚབས་ཆེན་རང་བཞིན”ནི་རྒྱལ་ཁབ་ལ“བློ་དཀར”ཞིང“བསམ་བློའི་གོ་རྟོགས་མཐོ”བའི“དཔོན་པོས”མ་གཏོགས་མཐོང་གིན་མེད་པས་ན། “འདི”ཞེས་པའི“མི”དེའི “ཕ་རྒན”གྱིས“དཔོན་པོས་དངོས་སུ་ལག་འགུལ་དགོས་པའི་འོ་བརྒྱལ་མ་བཟོ་ཞིག”ཅེས་པ་དེའོ།། དེའི་ཕྱིར། “འདི”ཞེས་པའི“མི”དེ་ཕ་ཡུལ་དུ་ཡུན་རིང་སྡོད་མ་ཚུགས་པར་ལམ་སང་ཕྱིར་དཔོན་པོ་དེའི“དབང”གིས་མི་ཟིན་པའི་གྲོང་ཁྱེར་ལ“བྲོས”སོང༌། སྐབས་དེར“བླུན་པོ་ཐབས་ཀྱིས་བསྐོར”བའི་ཉམས་སྣང་ཞིག་ཀྱང་སྐྱེས་མོད། ད་ལྟ་ཞིབ་ཏུ་བསམས་ན་རང་གི“རང་རྩིས་ཀྱི་མགོ”ལ་གཞན་གྱིས“ཁྱད་གསོད་ཀྱི་ཁེ་གྲི”སྔར་ནས་གཡུགས་ཚར། དེ་ཡང་ཐེངས་གཅིག་ཙམ་ཡང་མ་ཡིན་མོད། “གྲོང་ཁྱེར”ཞེས་པའི་ནམ་ཡང་རང་ལ་གཏོགས་དཀའ་བའི་གནས་དེ་དང༌། “སྒྱུ་རྩལ”ཟེར་བའི་ནམ་ཞིག་རང་ལ་གཏོགས་ཆོག་པའི་ལས་རིགས་དེ་གཉིས་རྒྱབ་རྟེན་དུ་ཡོད་པས་གོང་གསལ“ཉེན་ཁ”དང་ཕྲད་ཚེ་སྔར་བཞིན“འབྲོ”རྐྱང་ཡིན། སྔ་མས་ངའི་མི་གཤིས་ལས“མཛེས་པ”ཁ་ཤས་ཤིག་ཁྱེར་སོང༌། ཕྱི་མས་ངའི་མི་གཞི་ལ“མཛེས་པ”ཁ་ཤས་ཤིག་བསྣན་སོང༌། ཡིན་ན་ཡང༌། སྐྲ་རལ་པའི་རིང་ཐུང་གི་གཞི་ལ་མི་བཙན་པོས་གཟུགས་ཡོད་ཀྱི་སྐྲ་གྲི་གཞག་མ་ནུས་པ་ནི་གནས་དང་ལས་ཐུན་མོང་གི་སྐུ་དྲིན་ཡིན་ནོ།།
སྤྱིར་སྐྲ་ནི“མིའི་མགོ་ལ་སྐྱེས་པའི་སྤུ”ཡིན་ཕྱིན་དེ་སྐྱེ་ལུགས་ཤད་སྟངས་ཀྱི་ཆར་གཞན་གྱིས་ཚོད་འཛིན་ནམ་ཐེ་གཏོགས་བྱ་དགོས་པའི“ཡིག་ཆ”སོགས“རིག་གནས་གསར་བརྗེ”སྐབས་སུའང་མེད་ཚོད་དུ་སྣང་ཡང༌། “རིག་གནས་གསར་བརྗེ”ཡིས་བསྐྱངས་པའི་འུ་ཚོའི“མཐོན་པོ”ཚོན་པོ་དག་ལ་མཚོན་ན་ད་དུང“གཞར་རྒྱུ་གཞོག་རྒྱུ”ཞིག་ཅིས་ཀྱང་དགོས་ཀྱི་ཡོད་པ་འདྲ། ང་རང་ལས་གནས་སྤོས་པའི་དབང་གིས་གྲོང་ཁྱེར་དང་གྱེས་ཏེ་ས་གནས་ཀྱི་ཟློས་གར་ཚོགས་པ་ཞིག་ལ་འབྱོར་བའི་ཉིན་དང་པོར། ཚོགས་པ་དེའི་ཕོ་གཞོན་སྐོར་ཞིག་གིས་ངའི་མགོ་བོར་ལྟ་ཞོར“ཁྱོད་ཡོང་སྐབས་མ་འགྲིག ‘མགོ(སྐྲ)གཞར་འགུལ་སྐྱོད’ལ་ཁེལ་སོང”ཟེར། མ་གཞིར། ཚོགས་པ་དེའི་གོང་རིམ་དཔོན་པོས“མཐོ་རིམ”གྱི་དཔོན་པོ་གཞན་ཞིག་ལ་གར་སྟེགས་སུ་སྐྲ་ལོ་ཏོལ་ཙམ་དགོས་པས་བཞག་ཆོག་པའི“ངོ་ཆེན”དང་སྐྲ་རིང་དག་གི་སྐྲ་ལོ་སྐེ་གཅོད་བྱ་ངེས་པའི“ཁས་ལེན”ལྷན་དུ་ཞུས་ཏེ། ཚོགས་པར་སྐྲ་ཚད་གཏན་འཁེལ(སྔོན་ནས་རྣ་འབྱོག་མཐོང་བ་དང་རྒྱབ་ནས་སྐེ་ཚིགས་མཐོང་བ)གྱི་ཚོགས་འདུ་བསྡུས་ཤིང་ལག་བསྟར་མ་བྱས་པ་རྣམས་རྒྱ་སྲང་ངམ་གང་དུ་ཐུག་ན་དེ་གར་བཟུང་སྟེ་སྐྲ་གཞར་ཁང་ལ་ཁྲིད་ནས་ཉེས་ཆད་དུ་སྐྲ་ཚད་ལས་ཀྱང་ཐུང་བ་རེ་བཞར་རྗེས་བཏང་སྐད། དེ་ལས་ཀྱང་བློ་ངོར་ཤོང་དཀའ་བ་ཞིག་ནི་ས་གནས་དེའི་དཔོན་པོ“ཏོག་ཏོག་པོས”སྐྲ་ལོ་ལྟ་ཅི་གང་དུ་སྨ་རའམ་ཁ་སྤུ་རིང་བོ་ཅན་ཞིག་མཐོང་ཚེ་དེའི་ཁ་ཤར“འཐམ”འགྲོ་བ་དང་འཐམས་ནས་ཀྱང“མི་གཏོང”བར་གྲགས། ང་ནི་ཀུན་གྱིས“ང་རྒྱལ་ཆེ”ཟེར་བའི་སྐབས་ཀྱི་ང་ཡིན་པས་དངོས་གནས “མགོ་གཞར”ན་མ་གཏོགས་ཅི་ཡང“གཞར”མི་བཏུབ་པའི་གདེང་ཚོད་ཅིག་དང་བཅས“ངོ་མ། ‘རྒྱ་ཁོམ་ན་བྱ་ཕོ་ཆུ་ཁར་འདེད’ཟེར་བ་ཅིས་མ་བདེན། དབང་ལ་དབང་ཚོད་མ་ཟིན་ན་ནམ་ཉི་མར་གཞན་གྱི་རྨོངས་སྤུའང‘གཞར་རྒྱུ’ཟེར་རྒྱུ་རེད། དེ་ཁོ་ཚོའི་ལས་ཀ་ཨེ་རེད?”ཅེས་པར་དེར་འདུས་པའི“གསར་བཞར”རྣམས་ཀྱིས་ལྷག་ཏུ“བདེན་ནོ”ཟེར།
སྐད་ཆ་དེས་གོ་ཆོད་པའམ་ངའི“རང་གཤིས་གྱོང་བོར”གྲགས་སྐད“མི་ཆུང་བ”ཞིག་ཡོད་པ་གང་གིས་ཡིན་པ་ཆ་མ་འཚལ། གང་ལྟར། ངའི་ཁ་ཤར“འཐམ”མཁན་དང་མགོ་བོ“གཞར”མཁན་ཞིག་མ་བྱུང༌། ཡང་གཅིག་བཤད་ན་རང་གིས་ཀྱང་ས་གནས་ཀྱི“སྒེར་གཅོད་པ”ཚོའི“ཁྲིམས་མེད་ལུགས་མེད”ཀྱི་བཅའ་སྲོལ་ལས་སྲོལ་སྔར་ནས་མཐོང་མྱོང་ཡོད་པས“མཐོ་རིམ”རྣམས་ལ་ཐད་ཀར“གདོང་གཏུག”གི་གོ་སྐབས་མ་བྱིན་པར“གཡོལ”ཅི་ཐུབ་བྱས་པ་དང༌། “གོང་རིམ”གྱི་ཉན་རྣ་པ་ཚོར“ཆེ་བཙན་སུ་ལ་ཕྲད་ཀྱང་སྒོ་ང་བྲག་ལ་བརྡབ་པའི་དཔེ་ཡིན་པ་ལོས་ཤེས། འོན་ཀྱང་སུ་ཞིག་སྐྲ་ལ་འཇུས་པའི་ཉིན་མོར་སྒོ་ངས་བྲག་ཀྱང་བརྫབས་པ་ཞིག་མི་བྱེད་རི”ལྟ་བུའི“ཁ་ཕོ”ལེགས་སྐྱེས་བཞིན་དུ“སྐུར”གྱིན་ཡོད་པས་ཡིན་ཀྱང་སྲིད། སྟབས་ལེགས་པ་ཞིག་ལ་མ་འགྱངས་པར“གན་རྒྱ”ལྟར་ངས་ཚོགས་པ་དེས་ཕུད་པའི་སློབ་ཡོན་ཁྱེར་ཏེ་ནང་ལོགས་ཀྱི་ཆེད་ལས་སློབ་གླིང་ཞིག་ལ་ཕྱིན་སོང༌། དེ་ནི་ངས་ཚེ་འདིར་བརྒྱབ་པའི“ཚོང”ཁེ་ཤོས་ཏེ“སྐྲ་གཞར་འགུལ་སྐྱོད”དུས་ངེས་མེད་དུ་འོངས་པའི་ཚོགས་པ་དེར་ལོ་ལྔའི་རིང་སྡོད་རྒྱུའི་གཡར་དམ་གྱི“རིན”པར་སྐྲ་ལོ་སྣ་མགོར་ཤད་དེ“དེང་རབས་ཀྱི་ཨ་ཙ་ར”ཞིག་གསར་བཟོ་བྱས་ཀྱང་ཆོག་ཙམ་ཡོད་པའི་སྒྱུ་རྩལ་སློབ་གླིང་གྲགས་ཅན་ཞིག་ཏུ་ལོ་གཉིས་ཀྱི་ཡུན་ལ་སྡོད་པའི་དུས་ཡོན་ཅིག་ཅར་ཐོབ་པ་དེའོ།།
སློབ་གླིང་དེ་ནི་ལྷོ་ཕྱོགས་ཀྱི་མཚོ་མཐའི་གྲོང་ཁྱེར་ཅུང་ཆེན་པོ་ཞིག་ན་ཡོད་ཅིང་ཚ་གདུག་ཤིན་ཏུ་ཆེ་ན་ཡང་ངས་ཉིན་བཞིན་ཇེ་རིང་ལ་འགྲོ་བའི་སྐྲ་ལོ་སིལ་བུར་འཕྱངས་ཏེ་སོག་འདབས་སུ་སླེབས་པར་བྱས་པ་དང༌། ཇ་ཐུན་གསུམ་པོར་གཟུགས་ཁྲུས་རྒྱག་དགོས་པ་དང་མཆིལ་ལྷམ་རྒྱུན་གོན་བྱ་དགོས་པའི་དབང་གིས་རྐང་པའི་མཐེ་བོང་ལའང“ཡར་ལངས”ཐོབ་སྟེ་རྐང་འབོབ་གསར་པའི“བདག་པོ”རུ་གྱུར་པ་དང༌། མགོ་རྐང་གཉིས་ལ་དོན་དམ་གྱི“རང་དབང”དང“འདྲ་མཉམ”གྱི “ཉི་མ་གསར་པ”ཤར་བ་ལས་གཞན་རང་གིས་ཀྱང་ཐེངས་དང་པོར་སྒྱུ་རྩལ་གྱི་ཡང་སྙིང“ཁ་ལ་རེག”པའི་དོད་དུ་རྒྱ་མཚོའི་ཕ་རོལ་ན་ད་གཟོད་དོན་དམ་གྱི“མི”དང“མིའི་འཚོ་བ”ཡོད་པ་ཚོར་ལ། རྒྱ་མཚོའི་ཚུ་རོལ་དུ་རང་ལས་ཀྱང་སྡུག་པའི“མིའམ་ཅི”འབོར་ཆེན“འགྲེང་ནས་འགྲོ”གི་འདུག་ཀྱང་། “མི”དང“མིའི་རྩིས་ཐང”སོགས་ལ་རང་སྟེང་ནས་བསམ་བློ་འཁོར་ཐུབ་ཀྱི་མེད་པ་དངོས་སུ་མཐོང་ཚེ། སྦྱངས་འབྲས་སུ་རང་གི“རང་གཤིས”ཀྱི“འབུར་དང་ཟུར”ངོས་རེ་གཉིས“གསེར”དུ་མཐོང་ལ་ཚོར་པ་ཇེ་རྣོ་དང་སེམས་ངལ་ཇེ་ལྕིར་ཕྱིན་པ་ཙམ་མོ།།
སློབ་མཐར་ཕྱིན་ནས་ཕྱིར་ལོག་དུས“མགོ(སྐྲ)གཞར་འགུལ་སྐྱོད”ཅུང་ཞི་འཇགས་སུ་སོང་བའི་མངོན་རྟགས་ལ་གསར་བུ“མགོ་ཟེད་མགོ་ཟིང”རེ་གཉིས“བག་ལྷོད་པོས”རྒྱ་སྲང་དུ་འཁོར་བ་མཐོང་མོད། ངའི་ལུས་སྟེང་ན“སྐྲ་ཚད”ལས་གཞན་ད་དུང“ལྟ་བས་མི་བཟོད་པ”ཁ་ཤས་ཇེ་མང་དུ་ཕྱིན་འདུག་པའི་ནང་གི་གཅིག་ནི་གྱོན་གོས་རལ་པོའམ་ལྷན་པ་ཅན་གྱོན་རྒྱུར་དགའ་བ་དེ་ཡིན། དེས་མི་མང་པོ་ཞིག་ལ་སུན་པ་བཟོས་སོང༌། ལྷག་པར་དུ་ཕ་ཡུལ་གྱི་དཔོན་པོ་གསར་པ་ཞིག་སེམས་ཁྲལ་ལ་གཏད་སོང༌། ཁོས་དང་ཐོག་སྐད་བསྐུར་ཏེ“སྨན་བླ་སྐྱབས།རྟོགས་པ་ལྷ་དང་མཉམ་རུང༌། སྤྱོད་པ་མི་དང་བསྟུན་དགོས། ཤ་ཚ་ནས་ཁ་བུད་པ་ཡིན”ཟེར། ཁ་འབུད་མཁན་གྱིས་ཤ་ཚ་བ་ཅིས་ཀྱང་བདེན་དགོས་ཏེ་ཁོང་ནི“སྟེས་དབང”གིས་དཔོན་པོར་གྱུར་པ་དང“གློ་བུར་དུ”རྒྱགས་པ་ཆགས་པའི་སྡེ་དཔོན་གོང་རིམ་ལ“དགུན་ཤ་སྐྱེལ་མཁན”ཚོའི་གྲས་ཀྱི་གཅིག་ཡིན་པར་མ་ཟད་རྫི་བོའི་གཏན་ཚིགས་ལྟར་ན་ང་ལ་ལྟ་རྟོག་གི་འགན་འཁྲི་ཡོད་པའི་ཉེ་དུ་ཞིག་གོ། དེའི་ཕྱིར་ངས་ཀྱང“ཁ་ལེན།ཁས་མི་ལེན”ཞེས་ཚིག་ལན་ཅུང་འཇམ་པོ་ཞིག་བསྐུར་དགོས་བྱུང༌། འོན་ཀྱང་ཕྱི་ལོའི་ལོ་སར་ལ་ཕ་ཡུལ་དུ་ཕྱིན་ནས་ཉེ་དུ་དེར་ངོས་ཕྲད་བྱུང་དུས་ར་སྤྲད་པ་ནི་ངས“ཁས་མི་ལེན”པའི་མི་ཚད“ཁ་ལེན”ཞེས་པའང་ཁ་བཤད་ཙམ་སྟེ་མགོ་སྐྲ་ཇེ་རིང་ལ་སོང་བའི་ཁར་བསམ་བཞིན་གྱོན་གོས་རལ་པོ་དང་ལྷན་པ་ཅན་ཤ་སྟག་གྱོན་ཡོད་པ་དེའོ།། ཁོས་ཀྱང་ཐབས་ཟད་འུ་ཐུག་གིས“རྐང་སྣམ་མི་ཁུགས་ན་ངས་ཁྱོད་ལ་གཅིག་ཉོ། ལྷན་པ་མ་རྒྱག་དྲིན་ཅན་པོ!”ཟེར། ངས་ཀྱང་གོ་སྐབས་རྙེད་པ་ལྟར་ལན་དུ“ཁྱོད་ཀྱིས་ཉོས་ན་གཞུང་རྒྱུ་ཨེ་ཡིན་ནམ། ལེན་མི་ཕོད། དེ་ལས་དཔོན་པོའི་མངའ་འོག་གི་མང་ཚོགས་ལ་ལྷན་པ་མེད་པ་ཞིག་བྱོས་དང༌། ངའི་ལྭ་བའི་སྟེང་གི་ལྷན་པ་ང་རང་གིས་བཀོག་ཆོག”ཅེས་བཤད། ཁོས་མགོ་བོ་འཕྲེད་དུ་གཡུག་པ་ལས་ཅི་ཡང་ལབ་མ་བྱུང༌། དེ་ནས་བཟུང་ནམ་རྒྱུན་མགོ་བོ་འཕྲེད་དུ་གཡུག་བཞིན་འགྲོ་ཞོར་འདུག་ཞོར་དུ་ངའི་ཕ་མ་གཉིས་ལ་ཡང་དང་ཡང་དུ“ཁྱོད་ཚོའི་བུ་ལ་ང་རྒྱལ་ཆེ་དྲགས་པས་ཕ་མས་བཤད་ན་ཨེ་ཉན་མ་གཏོགས་ཐབས་ཤེས་མི་འདུག སྐྲ་དེ་དང་ལྭ་དེ་དག་སུའི་མིག་ལའང་མི་འགྲོ་བའི་ཁར་ཁོས་ཁ་ཤགས་ལས‘གུང་ཁྲན་ཏང་གི་དཔོན་པོས་རྒྱུ་ཟ་ཚུལ’ཁོ་ན་བཤད་ཀྱིན་འདུག དེ་གཞུང་རྒྱུ་རེད། ཟ་སྐལ་ཡོད་ན་བཟའ་རྒྱུ་རེད། གཙོ་བོ་ཁོས་ད་དུང་ཁ་ཤགས་བཤད་ན་ཁོ་རང་གིས་གྱོང་རག་རྒྱུ་རེད་མ་གཏོགས་ང་ཚོར་ནི་གནོད་མི་སྲིད”ཅེས་སྔར་བཞིན་སུན་སྣང་དང་བཅས་པའི“སེམས་ཁྲལ”བྱས་སྐད།
ལོ་དེ་ཚོར། དེ་དང་དེ་འདྲའི་རྒྱུ་རྐྱེན་གྱིས་དེ་དང་དེ་འདྲའི་འཇིགས་སྐུལ་གནང་མཁན་ངའི་ཉེ་འཁོར་གྱི་མངོན་ལྐོག་གང་རུང་ན་ཡོད་ཅིང་ཁོ་ཚོའི་སྙིང་ཚིམ་གྱི“དུས་ཆེན”ནི་ང་རང་རྒྱ་གཞུང་གི་བཙོན་དུ་བཅུག་པའི་ཟླ་ངོ་བདུན་པོ་དེའི་རིང་ཡིན་སྲིད་དམ་སྙམ། འོན་ཀྱང་སྐབས་དེར་ཁོ་ཚོས་ཤོག་སྦག་བཀད་ཡོད་མེད་མ་ཤེས། བཙོན་ནས་ལོག་ཡོང་བའི་དུས་སུ་ངས“ཁ་ལེན།ཁས་མི་ལེན”པའི་དཔོན་པོ་དེ་ལ་ཕངས་སེམས་ཤིག་སྐྱེ་དགོས་ཡོད་དེ། གློད་མ་ཐག་པའི་བཙོན་མ་མགོ་རེག་ཅིག་མིག་མདུན་དུ་མངོན་ཆོག་ཆོག་ཡིན་ནའང་བཙོན་མ་དེས་ཁྲི་མུན་དུ“དབུ་སྐྲ་རིང་པོ་ད་དུང་ང་རྒྱལ་གྱིས་འཕྱོ”ལྟ་བུའི་སྙན་ངག་བྲིས་ཏེ་སྒོར་བུད་ཚེ་སྐྲ་ལོ་ཇེ་རིང་དང་ང་རྒྱལ་ཇེ་ཆེར་སོང་འདུག་པ་ཀུན་གྱིས་མཐོང་སོང་། དགོད་བྲོ་བ་ཞིག་ལ། རིག་རིག་ཐུག་ཐུག་ཚང་མས་འཚམས་འདྲིའི་ཚབ་ཏུ“བཙོན་ཁང་དུ་ཁྱོད་ཀྱི་མགོ་སྐྲ་བཞར་མ་སོང་ངམ”ཟེར། ཁོ་ཚོས་རྒྱའི་གློག་བརྙན་ནང་གི་ཉེས་དོན་བཙོན་མ་ལྟ་བུ་ཞིག་གམ་རང་གི་ཁྱིམ་རྒྱུད་ལོ་རྒྱུས་ནང་གི་ཉེས་མེད་བཙོན་འཇུག་བྱས་པའི་མི་རབས་སྔོན་མ་ཚོ་ལྟ་བུ་ཞིག་ལ་དཔེ་བཞག་སྟེ་འདྲི་གི་ཡོད་ཚོད་རེད། ངས་དྲིས་ལན་དུ“དེང་སང་གི‘ཆབ་སྲིད་བཙོན་མ’ལ་ཁྲིམས་ཐག་མ་བཅད་ཡར་སྔོན་དུ་བཙན་གྱིས‘སྐྲ་གཞར་རྒྱུ’ཟེར་ཕོད་མཁན་མེད་པ་འདྲ”ཞེས་བཤད་མོད། དོན་ལ་བོད་པ་བཙོན་ལ་འདུག་མི་མང་ཤོས“ཆབ་སྲིད་བཙོན་མ”རུ་གཏོགས་པ་དང་དེའི་ནང་དུ་མགོ་སྐྲ་བཞར་མ་བཞར་གཉིས་ཀ་ཡོད་ལ་མགོ་ན་ཅི་ཡང་གཞར་རྒྱུ་མེད་པའང་ཡོད་ཀྱི་རེད། ན་ནིང་དོ་ཚིགས་ཀྱི“ཆབ་སྲིད་བཙོན་མ”མང་ཆེ་བ་དབེན་དགོན་གྱི་རབ་བྱུང་པའི་སྡེ་ནས་སྡེབ་བཟུང་བྱས་པ་ཤ་སྟག་ཡིན་ཕྱིར་ཤ་ཉོག་རུས་ཉོག་ཏུ་བཏང་སྟེ་སྐྱུར་བ་ལས་ཁོང་རྣམ་པ་ཚོའི་དབུ་ཡི་སོར་དོ་བོ་གཞར་མ་གཞར་ལ་ཁྱད་པར་ཆེན་པོ་ཨེ་ཡོད་དམ། འོན་ཀྱང་དེང་ཕྱིན“སྐྲ་ཚད”སྡོམ་པ་ཅན་གྱི“ཆབ་སྲིད་བཙོན་མ”ལ་ནི་བསམ་བཞིན་དུ“དབུ་རལ་འཇོག་དགོས”ཟེར་ནའང་ཐང་། གང་ལྟར། “དགྲ་བོ”ནི་དགྲ་བོ་ཉིད་དེ་དགྲ་བོའི་ཁམས་མོས་དང་ལུགས་སྲོལ་ལས་ལྡོག་པ་ཞིག་ལས་རྒྱུ་ནི“ཆབ་སྲིད་ཀྱི་དགོས་མཁོ”རེད་བཞག དེ་ལྟར་བཤད་ན། ང་ནི“དགྲ་བོ”ཡིན་ལ་ཁྲིམས་ཐག་མ་བཅད་པ་དང“ཆབ་སྲིད་བཙོན་མ”ཡིན་ལ་མགོ་སྐྲ་མ་བཞར་པ་དེའི་རིགས་དེ་ཡིན་འདུག ཁོར་ཡུག་དམིགས་བསལ་པ་རུ“མིའི་མགོ་ལ་སྐྱེས་པའི་སྤུ”འདི་ཡང“རིག་གནས”ཤིག་ཏུ་བགྲང་བ་ལས“ཆབ་སྲིད”དང་ངོ་བོ་དབྱེར་མེད་དུ་འདྲེས་འདུག་པ་ཞིག་ཡིན་པ་སུ་ཡིས་བསྙོན། ཁྱེད་ཀྱིས་ཕྱིར་འདང་ཞིག་རྒྱོབ་དང་། མི་ལོ་ལྔ་བཅུ་ལྷག་གི་ཡར་སྔོན་ལ་འུ་བུ་ཅག་གིས་མཐོན་པོའི་སྐྲ་ལྕོག་ནས་དཀྱུས་མའི་རལ་པ་དང་སྐྱེས་མའི་ལན་བུའི་བར་རྩ་གཅོད་གཙང་འབྲེག་གིས་ང་ཆུང་དུས་ཀྱི“ནང་རུལ་པའི་མགོ་སྐྲ”དེ་ལ་བསྒྱུར་པ་ནི“རུང་བསྟུན”ཙམ་དུ་མ་ཟད“གསར་བརྗེ”དང“གོ་རྟོགས”སོགས“ཆབ་སྲིད”ཀྱི་མཚོན་དོན་ཅན་དུ་གྱུར་སོང་བ་དང་། གྱུར་ནས་ཀྱང་འདུ་ཤེས་དེ་མི་སྐོར་ཞིག་གི་ཀླད་པའི་ནང་དུ་ད་ལྟ་ད་དུང་འགྱུར་མ་ཐུབ་པར་སོ་ན་གནས་ཡོད། དེ་བས་སྐྱ་བུག་བན་དེ་སོགས་ཀྱིས“ནང་རུལ་པའི་མགོ་སྐྲ”ལས“ནང་རུལ་པ”ལ་ངོ་རྟགས་བཞག་སྟེ་བདས་མྱོང་བ་ལས“ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག”མངོན་ཡོང་གི་ཡོད། ཕ་ཡུལ་གྱི་དཔོན་པོ་རྒྱགས་པ་དེས་རང་གི་ལྟོ་བར་བྱིལ་བྱིལ་གཏོང་བཞིན་ང་ལ་གཤེ་དོན་ནི“ནང་རུལ་པའི་མགོ་སྐྲ”འགྱུར་སོང་ན“ཆབ་སྲིད་ཀྱི་གནད་དོན”ཡིན་ཕྱིར་དཔོན་པོའི“ཆབ་སྲིད་ཀྱི་བློ་མིག”དང་མ་འཚམ་པ་མ་གཏོགས་ངའི“མགོ་ལ་སྐྱེས་པའི་སྤུ”དེ་ཁོའི་ལྟོ་བའི་སྟེང་དུ་སྐྱེས་སོང་བ་ག་ལ་ཡིན། དེ་བཞིན“མགོ(སྐྲ)གཞར་འགུལ་སྐྱོད” སློང་མཁན་དང“ཁ་ཤར་འཐམ”མཁན་དང“སྤྱོད་པ་མི་དང་བསྟུན་དགོས”(ཁོ་དང་བསྟུན་དགོས་འདུག)ཟེར་མཁན་ཚང་མས“མིའི་མགོ་ལ་སྐྱེས་པའི་སྤུ”དེ་སྤུ་ལྟར“རང་དབང”གིས་སྐྱེ་རུ་མི་འཇུག་པར“ཆབ་སྲིད་ཀྱི་དགོས་མཁོ”ལྟར་མ་སྐྱེས་ནའམ་མ་བཅོས་ན་མི་ཆོག་ཟེར་གྱི་ཡོད་པ་རེད། དེ་ཚོའི་རྗེས་འཇུག་པ“ཆབ་སྲིད་ཀྱི་བློ་མིག”ཅན་སྐོར་ཞིག་དེང་སང་སློབ་གྲྭ་ཆེ་འབྲིང་གི་ཁྲིད་སྟེགས་སུ་འགྲེང་ནས་སློབ་མ་རྣམས་ཀྱི“ཡོན་ཚད”མི་འཛིན“སྐྲ་ཚད”འཛིན་པ་དེ་ཚོས་ཀྱང“མིའི་མགོ་ལ་སྐྱེས་པའི་སྤུ”དེ་ཁོ་ཚོ་ལྟར་རམ“ཆབ་སྲིད་ཀྱི་དགོས་མཁོ”ལྟར་སྐྱེ་རུ་འཇུག་པ་ལས“བཀས་བཀོད་རྒྱུད་འཛིན”ནམ“འབྱོར་ལྡན་གྲལ་རིམ་གྱི་རང་དབང་ཅན”ལྟར་སྐྱེ་བའི“རང་དབང”མེད་ཟེར་གྱི་ཡོད་པ་རེད། ངས་འབོལ་རྩོམ་འདིའི་ཁག་དང་པོའི་ནང་དུ“མིའི་མགོ་ལ་སྐྱེས་པའི་སྤུ”དེ“རང་དབང་གི་མཚོན་བྱེད་ཅིག”ཡིན་ཟེར་དོན་ཡང་གནད་ཀ་འདི་ལ་ཐུག་ཡོད་དེ། འུ་ཚོར“མིའི་མགོ་ལ་སྐྱེས་པའི་སྤུ”དེ་སྤུ་ལྟར་སྐྱེ་བའི“རང་དབང”ཙམ་ཡང་མེད་ན་མི་ལྟར་འཚོ་བའི“རང་དབང”གཞན་དག་ནི་ལྟ་ཅི། ཁོ་ཚོ་དང་ཁོ་ཚོས་ནམ་རྒྱུན“ཆབ་སྲིད་ཀྱི་གོ་རྟོགས”ངོམ་བཞིན་རང་གིས་རང་ལ་འགྲམ་ལྕག་ཀྱང་བར་མེད་གཞུ་གི་འདུག་པ་ནི་ལྟད་མོ་གཞན་ཞིག་གོ། 
ལོ་འདི་དག་གི་རིང་ལ། ངས་ད་དུང་རང་གི“མིའི་མགོ་ལ་སྐྱེས་པའི་སྤུ”དེ་ཚོ་རིང་རྒྱུ་མེད་ལ་ཐུང་རྒྱུ་མེད་པའི་རལ་པ་ཞིག་གཉའ་ལྟག་ནས་མདུད་དེ་འགྲོ་གི་ཡོད་ཀྱང་སྒེར་ལ་དགོས་པའི“རང་དབང”དང་ཁོ་ཚོར་དགོས་པའི“གོ་རྟོགས”གཉིས་ཀ་རྙེད་མ་སོང་། ད་ནི“གཞར་རྒྱུ”དང“གཞོག་རྒྱུ”ཟེར་མཁན་མེད་པ་འདྲ་ལ“གཞར་རྒྱུ”དང“གཞོག་རྒྱུ”མང་པོ་ཞིག་ཀྱང་ལྷག་མི་འདུག ཤེས་རྒྱུད་ཀྱིས་མ་བསྡུས་པའི་མགོ་སྐྲ་སྤར་མོ་གང་བོ་བྱི་བཞིན་འདུག་ན་ཡང་། “རྩིས་ཐང”གི་ཤེས་ཚོར་དྲག་པོ་སྔར་བས་སྨིན་བཞིན་འདུག སྐབས་འདིར་ངའི“མིའི་མགོ་ལ་སྐྱེས་པའི་སྤུ”དེ་ཚོས་སེམས་ཁ་དཀྲུག་མྱོང་བའི“སོ་ཤུགས་ངལ་རྩོལ་པ”རྣམས་ལ་ཡང་བསྐྱར་སྐད་ཅིག་བསྐུར་འདོད་པ་ནི་འདི་སྐད་དེ། ཟོ་ཞིག ཟོ་ཞིག མི་སེར་གྱི་ཤ་ཁྲག་རུས་གསུམ་ངོམས་མེད་དུ་ཟོ་ཞིག སྒེར་གཅོད་ཀྱི་ཁོར་ཡུག་ནས་ཡོད་ཚད“ཟ་སྐལ”ཡིན་པ་བདེན་ན་ཐང་། སྡིགས་ཤིག སྡིགས་ཤིག རང་གི་རིགས་ལས“སྐྲ་ཚད”ཡོད་མེད་གཉིས་ཀར་སྡིགས་ཤིག “རང་དབང”དང“དམངས་གཙོ”མེད་སར་ཁྱོད་ཀྱི་ཟུག་སྐད་ཡོད་ན་འགྲིག འོན་ཀྱང་། ང་ནི་ང་ཡིན་ལ་ཁྱོད་ཚོ་མིན། ངའི་སྐྲ་ཡང་ངའི་སྐྲ་ཡིན་པ་ལས་ཁྱོད་ཚོའི་མིན། དེ་ནི་ངའི“མགོ་ལ་སྐྱེས་པའི་སྤུ”ཡིན་པས་ཁྱོད་ཚོར་འབྲེལ་བ་སྤུ་ཙམ་ཡང་མེད་དོ།།
                                                        ༢༠༠༩ལོའི་སྤྱི་ཟླ ༡༡ པར་ཙོང་ཁའི་རང་ཤག་ཏུ།