ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > རྩོམ་རིག

ལྕང་སྐྱ་དགེ་འདུན་བཀྲ་ཤིས།

སྤེལ་དུས། 2014-06-05 22:25:22  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

 ཉིན་གཅིག་གི་ལྗོངས་རྒྱུ།

          ལྕང་སྐྱ་དགེ་འདུན་བཀྲ་ཤིས།
 
          ----སྟོང་རི་ལྷ་མཚོར་ཕྱིན་པ།
 
ཤག་ཆུང་གྲུ་བཞིའི་ནང་གི།
ཤོག་ཧྲུལ་ཀློག་མཚམས་བསྐྱུར་ཏེ།།
ཁ་དབུགས་དྭངས་མོ་རྔུབ་བཞིན།།
ཕྱི་རོལ་ལྗོངས་རྒྱུར་འགྲོའོ།།
 
དཔེ་ཀློག་དཀའ་སྡུག་ཁྲོད་ན།།
ཨ་ཐང་ཆད་པའི་སེམས་པ།།
རླངས་འཁོར་འགྲོས་དང་བསྟུན་ཏེ།།
ལྷ་མཚོའི་འགྲམ་ལ་ཐོན་ཡོད།།
 
རི་དེ་ནགས་ཀླུང་ཕྱུག་མོ།།
མཚོ་དེ་གཡུ་ཡི་མེ་ལོང་།།
ཤིང་སྐས་རྨུ་ཐག་དཀར་བོ།།
ལྷ་རིའི་རྩེ་ལ་འཐེན་ཡོད།།
 
ཨ་ཅེ་མཚོ་སྨན་རྒྱལ་མོ།།
དངོས་གྲུབ་ཟད་པ་མེད་ན།།
ལྗོངས་རྒྱུ་བརྒྱ་སྟོང་ཁྲི་འབུམ།།
སེམས་པ་ཤོར་དོན་མི་འདུག།
 
ནང་དུ་བསྡུས་པའི་སེམས་པ།།
འཆར་ཡན་སྤར་ཁ་ཕྱེས་ཏེ།།
ལྗོངས་དང་ལྗོངས་སུ་འཁྱམས་ན།།
ལན་རེར་མཐོང་རྒྱ་བསྐྱེད་འགྲོ།།
 
རླུང་བུ་སིམ་སིམ་བར་ན།།
ཟིམ་ཟིམ་ཆར་གྱི་དངོས་གྲུབ།།
མིན་ན་ཚ་བའི་གདུང་བ།།
ཡུལ་ཕྱོགས་གང་ལ་འཁྱེར་ཡོད།།
 
ན་བུན་འཁོར་བའི་རི་ཀླུང་།།
ལྷ་ཡུལ་ལས་ཀྱང་སྐྱིད་པ།།
ཡ་ཆུང་སེམས་ཀྱི་སྨུག་ལོང་།།
ཨ་ཙི་འདི་ལས་དྭངས་པ།།
 
ཕྱི་དང་ནང་གི་འབྱུང་བ།།
ཆར་དང་རླུང་གི་རྟེན་འབྲེལ།།
ལན་རེེར་སྙོམས་སྒྲིག་གནང་ན།།
རང་སྣང་དྲི་ཟའི་གྲོང་ཁྱེར།།
 
གླེགས་བམ་གདགས་སྲིབ་ཁྲོད་ན།།
ཉིན་མཚན་འགྲིམས་པའི་སྤུན་ཟླ།།
ཐེངས་གཅིག་ལྗོངས་རྒྱུར་ཕེབས་དང་།།
སྐྱོ་བའི་བུན་ལོང་སངས་འགྲོ།།
 
          ཟླ  5  བའི་ཚེས  4 ལ་ལྷ་མཚོའི་ཁ་ནས་ཤར་མར་བྲིས་སོ།།