ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > འཕྲིན་གསར།

མཁས་དབང་སྒོ་ཤེས་རབ་ཀྱིས་འདི་ལྟར་བཤད་འདུག

སྤེལ་དུས། 2013-10-22 19:48:28  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

 གཏམ་ངན་དེ་གོ་རྗེས།

          གཅིག
      ཁ་རྩང་ཁྲི་འདུ་རུ། ཨ་དཀོན་རིན་པོ་ཆེ་ཞབས་འབྲིང་མི་གཉིས་དང་བཅས་བཀྲོངས་པའི་གནས་ཚུལ་གོ་འཕྲལ་སེམས་པ་བློང་བློང་བོར་གྱུར། སྙིང་རྩ་ན་ལོག་ལོག་ཏུ་སོང་། མ་གཞི་ཁོ་བོས་ནི་ཨ་དཀོན་ཚང་ཟེར་བ་དེས་སློབ་གྲྭ་དང་དགོན་སྡེ་མང་པོར་རོགས་སྐྱོར་གནང་གི་ཡོད་ཚུལ་གྱི་སྒྲོས་རེ་མཚམས་མཚམས་སུ་གོ་བ་ལས་ཞིབ་ཕྲའི་རྒྱུས་མེད་མོད། གསར་འགྱུར་དེས་ནི་དབང་མེད་དུ་སེམས་ངོ་འཁྱག་སིབ་བེར་སོང་། 
     སྤྱིར་འཇིག་རྟེན་འདི་ནི་ཁྱོད་ཤི་ང་གསོན་གྱི་རྙོག་དྲ་མཐའ་མེད་པས་གང་ཡོད་ལ། འུ་ཚོ་བོད་ལ་མཚོན་ན་ཡང་། ཁ་ནས"མཐུན་སྒྲིལ"ཞེས་མ་ཎི་ལྟར་འདོན་གྱིན་པ་ལས། ལུང་ཁུག་སོ་སོའི་ནང་དུ་རྩོད་གཞི་ཁབ་རྩེ་ཙམ་རེའི་དོན་དུ། དམར་འཛིང་གི་འཁོར་ལོ་བསྐོར་དང་སྐོར་གྱིན་ཡོད་ཕྱིར་མི་བསད་ཁྲག་སྦྱོར་གྱི་གནས་ཚུལ་ནི་རྣ་བར་གོམས་ཏེ་རྒྱུན་ལྡན་དུ་གྱུར་ཟིན་པས། མི་རེ་བསད་པ་གོ་མ་ཐག"སྙིང་རྗེ"ཞེས་མ་ཎི་འགའ་རེ་བཏོན་མོད། ཅང་མི་འགོར་བར་བརྗེད་འགྲོ་ཡི་འདུག  
      འོན་ཏེ་ད་ཐེངས་ཀྱི་གནས་ཚུལ་འདི་དང་། སྔར་རྡ་སའི་རྒན་བློ་བཟང་རྒྱ་མཚོ་བཀྲོངས་པ་གཉིས་ནི། བོད་པའི་མི་གསོད་དོན་རྐྱེན་ཡོད་ཚད་ཀྱི་ནང་ནས་ངའི་སེམས་ལ་བག་ཆགས་ཟབ་ཤོས་སུ་གྱུར་ཅིང་། སྙིང་ལ་ན་ཟུག་བཙན་ཤོས་སུ་གྱུར་སོང་བ་ཡང་སྨོས་མེད་ཡིན། ཁ་རྩང་གནས་ཚུལ་དེ་རྣ་བར་ལྷུང་མ་ཐག་ཏུ། མི་ལོ་ཉི་ཤུའི་སྔོན་གྱི་འདས་དོན་དེ་དབང་མེད་དུ་དྲན་འོང་གི་འདུག  
     དེ་ནི་དོན་རྐྱེན་འདི་གཉིས་ལ་འདྲ་མཚུངས་ཀྱི་ཆ་མང་པོ་ཞིག་ཡོད་པས་ཡིན་ཀྱང་སྲིད་དེ།  གཅིག རང་རང་གི་བཞུགས་ཤག་ཏུ་བཀྲོངས་པ་དང་། གཉིས། ནང་དུ་ཡོད་པའི་ཞབས་འབྲིང་དག་ཀྱང་ཐར་བར་མ་བཏང་བ། གསུམ། ཕ་རོལ་པོར་མཚོན་ཆ་གང་ཡང་མེད་པའི་གནས་ཚུལ་འོག་མཚོན་གྱིས་དྲག་ཏུ་བསྣུན་པ་བཅས་རེད། 
     རྒྱ་ཡིག་གི་གསར་ལམ་དུ་ཐོན་པ་ལྟར་ན། "དཔལ་འབྱོར་གྱི་རྩོད་རྙོག་ཅིག་བྱུང་བས། གྲོས་བསྡུར་གྱི་སྐབས་སྐད་ཆ་མ་འགྲིག་པར་རྒྱག་རེས་ཤོར་བ་རེད"ཅེས་བྲིས་འདུག་ལ། བོད་མི་ཚོས་སྐད་འཕྲིན་གྱི་སྟེང་དུ་སྤེལ་བ་ལྟར་ན། སྐུ་འདྲ་འགའི་བླུ་ཡོན་གྱི་གནད་དོན་ཞིག་རེད་ཅེས་ཤོད་ཀྱི་འདུག  དེ་ཙམ་ཞིག་ཡིན་ནམ།  སྐབས་འདིར་རྒྱུ་མཚན་མེད་པའི་དྲི་བ་མང་པོ་ཞིག་གིས་ངའི་སེམས་ལྷོད་ལ་འབབ་ཐུབ་ཀྱི་མི་འདུག  
      མི་དེ་དག་གིས་དང་པོ་ནས་མཚོན་ཆ་ལུས་ལ་བསྐོར་ཏེ། བླ་མའི་སར་འགྲོ་དོན་ཅི་ཡིན་ནམ། རྒྱ་ནང་ནས་བོད་མི་ཚོས་ཀྱང་མཚོན་བཏགས་པ་ཉུང་བས་བླ་མ་ཞིག་གི་དྲུང་དུ་དེ་ལྟར་ཕྱིན་པ་ནི་རྒྱུན་ལྡན་མིན་པའི་གནས་ཚུལ་ཞིག་མིན་ནམ། རྒྱུ་ནོར་གྱིས་མི་འཕོང་བའི་ཨ་དཀོན་སྤྲུལ་སྐུས་སྐུ་འདྲ་ཁ་ཤས་ཀྱི་བླུ་ཡོན་མི་སྟེར་སྲིད་དམ། རྒྱལ་སྤྱིའི་ཐོག་ལ་མིང་དུ་གྲགས་པའི་མི་སྣ་ཞིག་གིས་མི་དཀྱུས་མ་དེ་འདྲ་དག་ལ་རྒྱག་རེས་བྱེད་སྲིད་དམ། དགུང་ལོ་བདུན་ཅུ་ལྷག་ལ་བུད་པའི་བླ་ཆེན་ཞིག་གིས་ལག་འཛིང་བྱེད་སྲིད་དམ། གལ་ཏེ་ཁོ་ཚོའི་བར་ལ་ཅུང་ཟད་མ་འགྲིག་པ་རེ་ཡོང་ཡོད་སྲིད་ཀྱང་། བླ་མ་སྐུ་འཁོར་གསུམ་པོ་གསོད་དགོས་དོན་གྱི་ཞེ་མཁོན་དེ་འདྲ་ཞིག་གང་ནས་བྱུང་བ་ཡིན་ནམ། བོད་མི་རྣམས་རྒྱག་རེས་བྱེད་ལ་དགའ་བ་བདེན་དུ་ཆུག་ཀྱང་ཆོས་དད་ཆེ་བའི་བོད་མི་ཚོས་བླ་ཆེན་ཞིག་ལ་མཚོན་གྱིས་བསྣུན་རྒྱུར་མི་འཛེམས་སམ། 
      བསམ་ཞིང་བསམས་ན། ངོ་མ། སྐུ་འདྲ་འགའི་བླུ་ཡོན་གྱི་གནད་དོན་ཡིན་མིན་གྱི་དོགས་པ་ཇེ་ཆེ་རེད། ཡང་སྙིང་ཁོ་ཚོས་ཅི་ཞིག་བརྩད་པ་ཡིན་ནམ། སྐད་ཆ་ཅི་ཞིག་མ་འགྲིག་པ་ཡིན་ནམ། ཅིག་བརྩད་ཡོད་དམ། དོགས་པ་ནི་དོགས་པ་རང་སྟེ། ད་ནི་གནད་དོན་དེ་ཡང་གནད་དོན་གཞན་ཞིག་ཏུ་འགྱུར་འགྲོ་ཡི་འདུག   སྐུ་འདྲའི་བླུ་ཡོན་ཙམ་ཞིག་ལས་འདའ་འགྲོ་ཡི་འདུག   
     དངོས་གནས་བཤད་ན། ཁོ་ཚོས་ཨ་དཀོན་སྤྲུལ་སྐུ་རྩ་མེད་དུ་བཟོ་འདོད་ཀྱི་ཀུན་སློང་དེ་གློ་བུར་དུ་བྱུང་བ་ཞིག་ཡིན་ནམ་སྔར་ནས་གྲ་སྒྲིག་ཡོད་པ་ཞིག་ཡིན། གལ་ཏེ་གྲ་སྒྲིག་ཡོད་པ་ཞིག་ཡིན་ན་ནི་དེ་ལ་ཡང་རྒྱབ་ལྗོངས་གཞན་ཞིག་ཡོད་སྲིད་དམ། ཡོད་ན་མི་སྒེར་དང་ཚོགས་པ་སུ་ཞིག་ཡོད་སྲིད་དམ།  བོད་མི་ཚོ་ཁ་འཐོར་དགུ་འཐོར་དུ་འགྲོ་བྱེད་ཀྱི་ནད་རོ་རྙིང་པ་དག་སྟེ། གྲུབ་མཐའི་རྩོད་རྙོག  བླ་སྤྲུལ་གྱི་འགལ་བ།  ཡུལ་ལུང་གི་ཞེན་ཆགས། ཕྲག་དོག་དང་གནོད་སེམས་སོགས་དང་འབྲེལ་བ་ཡོད་དམ། ཡང་ན་ཁོང་གིས་མི་རིགས་འདི་ལ་གཞན་ཕན་རོགས་སྐྱོར་གྱི་མཛད་པ་ཁུར་དུ་བཞེས་པར་མི་དགའ་མཁན་གཞན་ཞིག་དང་འབྲེལ་བ་ཡོད་སྲིད་དམ། 
     ད་དྲི་བ་མཚམས་འཇོག  འདི་དག་ཀུན་ཀྱང་རེ་ཞིག་དོགས་པ་ཙམ་ལས་ཅི་ཡང་མ་རེད། གང་ལྟར་ཁོང་ཉིད་ཕྱིར་འོང་མེད་པར་འདས་སོང་བས། དོན་དག་འགའ་ཞིག་ནི་གཅིག་བྱས་ན་ཁོང་དང་མཉམ་དུ་ནམ་ཡང་གསང་བའི་དྲི་བ་ཞིག་ཏུའང་འགྱུར་སྲིད་དོ།  །   
          
          གཉིས།
     ལར་ཁོ་བོར་མཚོན་ན།  སྤྲུལ་སྐུ་ཨ་དཀོན་ཚང་གི་སྐུ་ཚེའི་བྱུང་བ་དང་མཛད་འཕྲིན་ལ་གསལ་ཆ་དེ་ཙམ་མེད་དེ། དེ་རིང་ག་ས་གང་ནས་གསར་འཕྲིན་ཆར་བཞིན་འབབ་ཀྱིན་པ་དག་ལ་བལྟས་ན། ཁོང་ནི་མི་རིགས་འདིའི་བདེ་སྡུག་གི་ཆེད་དུ་སྐུ་ཚེགས་སྐྱོན་མཁན་ཞིག་དང་། ཉམ་ཐག་པའི་སྐྱེ་བོ་ཚོར་གཞན་ཕན་རོགས་སྐྱོར་གྱི་བཀའ་དྲིན་འཕངས་མེད་དུ་སྩོལ་མཁན་ཞིག་ཡིན་ཚུལ་བཀོད་འདུག  
      དེ་ལྟ་ན།    འུ་ཅག་གིས་ནི་ཁོང་སྐུ་གཤེགས་པར་སྡུག་སྨྲེ་བཏོན་པ་དང་མིག་ཆུ་བཏང་བ་ཙམ་གྱིས་ཅི་ཡང་མི་ཕན་གྱི། ཁོང་གིས་རང་རིགས་ལ་བཅངས་པའི་དུངས་པ་དང་བརྩེ་བ་ཟབ་མོ་དེ་འུ་ཅག་མི་རེ་རེའི་སེམས་སུ་ཉར་ཏེ། དེ་ཉིད་སྙིང་སྟོབས་བརྟན་པོས་ལག་ལེན་དུ་སྦྱར་ནས། གངས་ཅན་ས་མཐོའི་གྲོང་གི་སྤུན་ཟླ་དག་ལ་ཕན་པའི་བྱ་བ་ཕྲ་མོ་ཚུན་ཆད་ཀྱང་འབད་པས་བསྒྲུབས་ཏེ་ཁོང་གི་ཐུགས་བཞེད་རྣམ་དག་དང་རྨི་ལམ་གཙང་མ་དེའི་རྒྱུན་བསྐྱངས་ན།  དེ་ལས་ལྷག་པའི་དྲན་གསོ་ཞིག་དང་དགོངས་རྫོགས་ཤིག་མེད་པ་ཡིན་ནོ། ། 
   
          ༢༠༡༣/༡༠/༩/སྒོ་ཤེར་གྱིས།