ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > འཕྲིན་གསར།

སྐབས་རེ་གཅིག་པའི་ཉི་ཧོང་གི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་འཚོག་འཆར་ཡོད་པ།

སྤེལ་དུས། 2013-11-12 22:10:14  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

  སྐབས་རེ་གཅིག་པའི་ཉི་ཧོང་གི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་དེ་སྤྱི་ཟླ11པའི་ཚེས16དང17ཉིན་སྟེ་ཉིན་གཉིས་རིང་ཉི་ཧོང་གི་ཁོ་ཡ་སང་སློབ་གྲྭ་ཆེན་མོ་རུ་འཚོག་འཆར་ཡོད་འདུག།། ཐེངས་འདིིའི་ཚོགས་ཐོག་ཏུ་བོད་པ་ཞིབ་འཇུག་པ་གཉིས་འདུས་པའི་ཞིབ་འཇུག་པ14ཡིས་བོད་ཀྱི་སྐད་བརྡ་དང་ཆོས་ལུགས། ཡུལ་སྲོལ། རྩོམ་རིག་སོགས་ཁྱབ་ཁོངས་མི་འདྲ་བ་སོ་སོར་ཞིབ་འཇུག་བགྱིས་པའི་དཔྱད་རྩོམ་དག་སྒྲོག་སྦྱོང་དང་བགྲོ་གླེང་མཛད་རྒྱུ་རེད།

  དེ་རུ་རྩོམ་རིག་སྐོར་གྱི་དཔྱད་རྩོམ་གཅིག་འདུག་པ་དེ་ནི་འཆི་མེད་དང་གཡུ་མཚོ་གཉིས་ཀྱིས་བྲིས་པའི་༼བརྩམས་སྒྲུང་བའི་སྨྱུག་རྩེ་ཡི་དེང་རབས་ཀྱི་བོད། སྟག་འབུམ་རྒྱལ་དང་པད་མ་ཚེ་བརྟན་གཉིས་དང་འབྲེལ་བའི་གཏམ༽ཞེས་པ་དེ་རེད། 

  དཔྱད་རྩོམ་དེའི་ནང་དུ་བོད་ཀྱི་རྩོམ་པ་པོ་སྟག་འབུམ་རྒྱལ་དང་པད་མ་ཚེ་བརྟན་གཉིས་ཀྱིས་བོད་ཀྱི་དེང་རབས་ཀྱི་སྤྱི་ཚོགས་འཚོ་བ་དང་མི་དང་མིའི་འབྲེལ་བ་དེ་བརྩམས་སྒྲུང་གི་ལམ་ནས་ཅི་ལྟར་མཚོན་ཡོད་པ་དེར་དོ་སྣང་བྱེད་རྒྱུ་དང་། སྟག་འབུམ་རྒྱལ་གྱི་བརྩམས་ཆོས་ནི་འབྲོག་ཕྱོགས་ས་ཁུལ་གྱི་གླུ་དང་ལོ་རྒྱུས། གནའ་གཏམ་སོགས་བརྗོད་བྱ་བྱས་པ་མང་ཞིང་། བོད་མི་དང་ཁ་ཐག་ཉེ་བའི་ཁྱི་དང་འབྲེལ་བའི་བརྩམས་ཆོས་ཀྱང་མང་དུ་མཆིས། ད་རུང་ཞིང་གྲོང་དེང་རབས་ཅན་དུ་འགྱུར་བའི་གོ་རིམ་ཁྲོད་དུ་མི་ཡི་བཟོ་ལྟ་འགྱུར་བཞིན་པ། ལས་གནས་སྟེང་གི་མི་དང་མིའི་འབྲེལ་བ་སོགས་བསྡུས་བརྗོད་ཀྱི་མཚོན་སྟངས་ལམ་ནས་བྲིས་འདུག་ཟེར། པད་མ་ཚེ་བརྟན་གྱི་བརྩམས་ཆོས་ནི་སྐྱེ་འཆི་དམར་རྗེན་བྲི་བ་དང་།རྒྱུན་དུ་དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཀྱི་མཚོན་ཐབས་སྤྱད་དེ་དངོས་ཡོད་མིན་པ་དེ་བྲི་བ་དང་།མི་རྣམས་ཀྱིས་ཤེས་མེད་ཚོར་མེད་ངང་སྲོལ་རྒྱུན་གྱི་ཆ་མང་པོ་འབོར་བཞིན་པ་དེ་ཡང་བྲིས་འདུག་ཟེར། མི་རིགས་གཞན་གྱིས་བོད་མི་ལ་བཟུང་བའི་རྣམ་འགྱུར་སོགས་ཀྱང་དེ་རུ་འབུར་ཐོན་གྱིས་བྲིས་འདུག་ཟེར། 
  ཉི་ཧོང་བོད་རིག་པའི་ཚོགས་པ་ནི་སྤྱི་ལོ1954ལོར་ཡེ་ཤིས་ཧ་མ་ཤོན་ཐ་རོ་གཙོ་བྱས་པའི་ཉི་ཧོང་བ་འགའ་ཡིས་བཙུགས་པ་དང་། ལོ་རེར་དུས་དེབ་ཐེངས་རེ་འདོན་གྱིན་ཡོད་ཅིང་། ད་སྔ་འཛམ་གླིང་དུ་བོད་རིག་པའི་ཞིབ་འཇུག་གི་ཚོགས་པ་སྔ་ཤོས་ཀྱི་གྲས་རེད། ཚོགས་པ་དེས་ལོ་མང་རིང་ཆོས་ལུགས་རིག་པ་དང་ལོ་རྒྱུས་རིག་པ། སྐད་བརྡ་རིག་པ་སོགས་རིག་པའི་གཞུང་སོ་སོར་ཞིབ་འཇུག་བགྱིས་སྟེ། ཞིབ་འཇུག་གི་འབྲས་བུ་མི་དམན་པ་བླངས་པས་ན་ཀུན་གྱིས་གདེང་འཇོག་ཚད་མཐོན་པོ་བྱེད་ཀྱིན་འདུག