ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > འཕྲིན་གསར།

ལྭ་བ་གཏའ་མར་བཞག་ནས་དཔེ་ཆ་བླུས་པ།

སྤེལ་དུས། 2018-09-03 17:47:06  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

ཀྲུའུ་ཙི་ཆིན་གྱིས་ལྭ་བ་གཏའ་མར་བཞག་ནས་དཔེ་ཆ་བླུས་པ།     

ཀྲུའུ་ཙི་ཆིན་སློབ་འབྲིང་འགྲིམ་སྐབས་དཔེ་ཆ་བཀླག་རྒྱུར་ཧ་ཅང་དགའ་ཞིང་། ཨ་ཕས་ཟླ་རེར་ཁོ་ལ་སྒོར་མོ་གཅིག་ལས་སྟེར་གྱིན་མེད་མོད། འོན་ཀྱང་སྒོར་མོ་དེ་བསགས་ཏེ་ཕ་ཡུལ་གྱི་དཔེ་ཁང་ནས་རྒྱུན་དུ་དཔེ་ཆ་བླུ་བ་རེད། མཚམས་ལན་རེར་ད་དུང་སྒོར་མོ་ཆད་ལ་འཇོག་པའི་གནས་ཚུལ་ཡང་བྱུང་མྱོང་། རྗེས་སུ་ཁོང་གིས་རྩོམ་ཡིག་ཅིག་ཏུ“སྐབས་དེར་ཅི་ནུས་གང་ནུས་ཀྱིས་དཔེ་ཆ་ཉོས་པའི་སྣང་ཚུལ་དེར་ཕྱིར་དྲན་རེ་བྱས་ན་དངོས་གནས་དགོད་བྲོ་ཞིང་དོན་སྙིང་ལྡན་པ་ཞིག་རེད”ཅེས་བརྗོད་འདུག ཀྲུའུ་ཙི་ཆིན་སློབ་ཆེན་མཐར་ཕྱིན་ལ་ཉེ་སྐབས་ཀྱི་ཉིན་ཞིག་ལ། ཁོང་རང་དཔེ་ཁང་ནང་ལ་ཉུལ་དུ་སོང་བ་ན། གསར་དུ་པར་སྐྲུན་བྱས་པའི༼ ཝེ་པོ་སི་ཐུའི་དག་ཡིག་ཆེན་མོ ༽ཞེས་པའི་དཔེ་ཆ་དེ་མཐོང་བས། ཁོང་ལ་ཉོ་འདོད་སྐྱེས་ནས་དཔེ་ཆ་ཚུར་བླངས་ཏེ་རིན་གོང་ལ་བལྟས་ཙ་ན། རིན་གོང་སྒོར་བཅུ་བཞི་ཡིན་པ་རེད།     དཔེ་ཆ་དང་རིན་གོང་གཉིས་བསྡུར་ན་རིན་གོང་དེ་འདྲའི་མཐོ་རྒྱུ་མི་འདུག་མོད། འོན་ཀྱང་སློབ་གཉེར་བྱེད་བཞིན་པའི་སློབ་མ་ཞིག་ལ་མཚོན་ན་གྲངས་ཀ་ཉུང་ཉུང་ཞིག་མ་རེད། ཁོང་ལ་སྒོར་མོ་མེད་ནའང་དཔེ་ཆ་བློས་མ་ཐོངས་པས་ཅི་བྱ་སྙམ་ནས་འདང་རྒྱག་གི་ནང་དུ་ལྷུང་སྐབས། གློ་བུར་དུ་རང་གི་ལུས་སྟེང་གི་ལྭ་རིང་དེ་ཡིད་ལ་ཤར་བྱུང་། ཁོང་གི་ལུས་སྟེང་དུ་རིན་གོང་ཆེས་བྲིན་པའི་དངོས་པོ་ནི་ལྭ་རིང་དེ་ཉིད་ཡིན་ལ། ལྭ་རིང་དེ་ནི་ཀྲུའུ་ཙི་ཆིན་གཉེན་སྒྲིག་བྱེད་སྐབས་ཕ་རྒན་གྱིས་ཆེད་དུ་བཟོས་པ་ཞིག་ཡིན། ལྭ་རིང་གི་གོང་བའི་ཁར་སྲམ་སྦྱར་ཡོད་པ་དང་། ལྭ་བའི་ནང་ཐམས་ཅད་ཨོག་དཀར་སྐྱ་ལུས་བརྒྱན་འདུག ཕ་རྒན་གྱིས་ལྭ་རིང་དེ་བཟོ་བར་སེམས་ཤུགས་མི་དམན་པ་ཕུད་ཡོད། ཁོང་ཉིད་སོམ་ཉིར་ཅུང་ཙམ་ལྷུང་རྗེས་སེམས་སུ་ལྭ་རིང་གཏའ་མར་བཞག་ནའང་། རྗེས་ཕྱོགས་སུ་ཕྱིར་ལེན་ཐུབ་ངེས་ཡིན་སྙམ་ནས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ལྭ་རིང་གཏའ་མར་བཞག་པ་རེད། ༼དག་ཡིག་ཆེན་མོ ༽དེ་བླུ་ཐུབ་སོང་མོད། རྗེས་སུ་ཁོང་ཉིད་འདས་རག་བར་དུ་ལྭ་རིང་དེ་ཕྱིར་ལེན་མ་ཐུབ་པ་རེད།