ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > འཕྲིན་གསར།

སྐུ་པར་འདི་ཡིས་སྔོན་འདྲིས་བག་ཆགས་སད།

སྤེལ་དུས། 2018-09-06 17:24:57  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

                                                                                    སྐུ་པར་འདི་ཡིས་སྔོན་འདྲིས་བག་ཆགས་སད།།  ཕྱིར་མིག་འཕངས་ཏེ་ཟིན་ཐོ་ཡི་གེར་བཀོད།།   

  ལྕང་སྐྱ་དགེ་འདུན་བཀྲ་ཤིས། 

         ༡ དེ་རིང་། ལུས་སེམས་ཉོབ་སྟེ། ནམ་རྒྱུན་གྱི་ལོབས་ཕྱོགས་ལྟར། སྐད་ཚོམས་ཀྱི་དྲ་བ་ཕར་སློག་ཚུར་སློག་བྱེད་སྐབས། ངའི་སེམས་ཁོང་ལ་ཉི་མ་བཞིན་དྲོད་ཐིགས་ལྷུང་བའི་སྐྱེས་བུ་ཞིག་གི་སྐུ་པར་མཐོང་བྱུང་། དེ་ནི། ངེས་པ་དོན་གྱི་མཁས་དབང<ཨ་ཁུ་ལྷ་མོ་ཚུལ་ཁྲིམས>ཚང་རེད།  སྔ་སོར་དམ་པ་འདིའི་མཚན་སྙན་དང་།མཛད་འཕྲིན་གྱིས་ང་ལ་བག་ཆགས་ཟབ་མོ་བཞག་ཡོད་ན་ཡང་། དེ་རིང་ལྟས་དབང་གིས། ཐོལ་བྱུང་དུ་སྐུ་པར་མཐོང་བ་འདིས། ཁོང་ལ་དངོས་སུ་མཇལ་བ་ལྟ་བུའི་ཚོར་བ་ཞིག་འཁྲུངས་བྱུང་། 

   ༢ རྒྱུ་མཚན།  ད་ནས་ཡར་བརྩིས་པས། ལོ་ངོ་ཉེར་ལྔའི་སྔོན་དུ། ང་རང་སྒྲ་རྩིས་དང་། ས་དཔྱད་ཅིག་སྦྱངས་པའི་འདུན་པ་སྐྱེས་ཏེ། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕྱིན། སྐབས་དེར། ངའི་ཆོས་གྲོགས་མདོ་བ་དགེ་ལྷུན་ལགས་ཀྱིས་ངོ་སྤྲོད་བྱས་ཏེ། ཨ་ལགས་འགྱིང་རྒན་ཚང་གི་ནང་ཆེན་དུ་ཁང་མིག་ཆུང་ཆུང་ཞིག་གཡར་ནས་བསྡད།  སྟབས་ལེགས་པ་ཞིག་ལ། ཁང་བདག་ཨ་ཁུ་དགེ་འདུན་བསམ་འགྲུབ་ནི་དཔེ་ཆ་བ་ཞིག་མིན་ཀྱང་། མི་གཞི་བཟང་བའི་ཁར་དཔེ་ཆ་བ་དག་ལ་ལྟ་ཚུལ་ཡག་པོ་ཡོད་རྐྱེན།  གྲྭ་རྐྱང་ང་ལྟ་བུ་ལ་མཚོན་ན། དྲིན་ཆེན་ཕ་མ་རི་ན་ཡོད། ཟེར་བའི་ཚོད་ཀྱིས་སྐུ་དྲིན་ཤིན་ཏུ་ཆེ། ཨ་ཁུ་བསམ་འགྲུབ་ནི་ལག་བདེ་ཞིག་ཡིན་པས། གཞན་དུ་ཚེམ་བུ་བྱེད་དུ་འགྲོ་བ་དང་། ལན་རེར། ཁོ་དང་དགའ་ཁ་འཁྱེར་ཕྱོགས་གཅིག་པའི་འགྱིག་པ་ཚོར་འགྲོགས་ཏེ། རྟག་པར་བླ་མ་གུང་ཐང་ཚང་གི་ར་བསྐོར་ནང་དུ་འགྱིག་འདེད་དུ་ཕེབས་ཀྱིན་ཡོད་ལ། འགྱིང་རྒན་སྐུ་ལོ་དགུང་ལོ་བཅུ་གཉིས་ཡིན་པས། རྟག་པར་ངས་དཔེ་ཆ་ལྟ་བ་ལ་བར་ཆད་གཏོང་གིན་ཡོད། དེ་དུས་ང་ལོ་ན་ཉེར་གསུམ་དུ་སོན་ཡོད་པས། རང་ལ་ལོ་ཆུང་གི་ང་རྒྱལ་དང་། མཁས་རློམ་གྱི་རང་གཤིས་མཁྲེགས་པོ་དེ་ཡོད་རྐྱེན། ཉི་མ་བླ་བྲང་ཚང་གི་ལོ་ན་ཆུང་བའི་དགེ་རྒན་དག་མྱིག་ནང་དུ་མ་བཞག་པར། ཨ་ཁུ་སྨད་སོག་བཛྲ་ཚང་དང་། རྩིས་རམས་པ་བསམ་འགྲུབ་རྒྱ་མཚོ། ཨ་ཁུ་འཇམ་དབྱངས་ཉི་མ་གསུམ་བསྟེན་ཏེ་སྒྲ་རྩིས་ས་དཔྱད་དག་ལ་སྦྱངས།  སྐབས་དེར། ཨ་ཁུ་བཛྲར་ལོ་ན་བརྒྱད་ཅུ་ལྷག་དང་། ཅིག་ཤོས་གཉིས་དགུང་ལོ་བདུན་ཅུ་ལྷག་རེད། དམ་པ་འདི་རྣམས་ཀྱི་སྐུ་ཡོན་དང་། རྣམ་ཐར་གྱིས་ང་ལ་ཐར་བའི་ས་བོན་མང་དུ་བསྐྲུན་མྱོང་བར་མ་ཟད། ཁོང་རྣམ་པ་གསུམ་པོ་ཨ་ཁུ་ལྷ་མོ་ཚུལ་ཁྲིམས་ཀྱི་དངོས་སློབ་ཡིན་པས། ཨ་ཁུ་ལྷ་མོ་ཚུལ་ཁྲིམས་འདི་བ་བཞུགས་ཐོག  ཁོང་ནི།  བླ་བྲང་ཚང་གི་མཁས་པའི་ཡང་རྩེ་ཡིན་ཚུལ་དང་། རིག་གནས་བཅུ་ལ་མཁས་ཚུལ་ཡང་ཡང་གསུངས་པས། སྔོན་བྱོན་དམ་པའི་རྣམ་ཐར།། རྗེས་འཇུག་གདུལ་བྱའི་ཉམས་ལེན།།  ཟེར་བ་ལྟར། ང་རང་གིས་ཀྱང་། རྗེས་སུ་ཡི་རང་དང་སྨོན་ཡུལ་དུ་གྱུར་ཡོད་པ་ལས་གཞན། མཁས་དབང་འདི་ཉིད། ཕྲན་ལ་མཚོན་ནའང་། སྒྲ་རྩིས་ས་དཔྱད་ཀྱི་བརྒྱུད་པའི་བླ་མར་སོང་གཤིས། དེ་རིང་། འདྲ་པར་འདི་མཐོང་དུས། དགའ་སྤྲོ་ཚད་མེད་སྐྱེས་མི་སྲིད་པ་ག་ལ་སྲིད།

 ༣ ཡང་སྒོས་སུ།  ཨ་ཁུ་འཇམ་དབྱངས་ཉི་མ་ལགས་ནི། ཁོང་གི་དངོས་སློབ་དང་སྐུ་ཚ་གཉིས་ཀར་སོང་གཤིས། དད་འདུན་དང་རྒྱུས་ཆ་ཤིན་ཏུ་ཆེ་ཞིང་། སློབ་ཁྲིད་ཀྱི་སྐབས་ཁོང་གི་མཚན་དམར་རྗེན་དུ་བརྗོད་མི་བཏུབ་པར།<ཐམས་ཅད་མཁྱེན་པ་ཚང>ཞེས་ཕྱག་གིས་ཐལ་མོ་སྦྱོར་ཞིང་།མིག་ལས་མཆི་མ་ལྷུང་སྟེ། ཨ་ཁུ་རིན་པོ་ཆེའི་སྐུ་ཡོན་མང་དུ་བརྗོད་པས། རང་མ་ཟད། ང་ཚོ་སློབ་གྲོགས་ཚང་མའི་སྣང་ངོར། ཨ་ཁུ་ལྷ་མོ་ཚུལ་ཁྲིམས་ཚང་ནི་སེམས་ཁོང་གི་ཉི་མ་ལྟར། ཕྱག་བྱ་ཐལ་མོ་སྦྱོར་བའི་འོས་སུ་གྱུར་པ་དང་། ཞལ་མཇལ་གསུང་ཐོས་ཀྱི་སྐལ་བ་ལྡན་ཡོད་ན་ཅི་མ་རུང་སྙམ་པའི་དད་གདུང་དང་བག་ཆགས་ཟབ་ཤོས་བཞག་ཡོད། 

    ༤   ལྷག་པར་དུ། ཆེས་བརྗེད་མི་སྲིད་པ་ཞིག་ནི། ཨ་ཁུ་འཇམ་ཉི་ཚང་གི་ལྟག་རྒྱབ་ཀྱི་བན་ངོ་ན་བཀལ་བའི<འབྲེང་ལྕག>དེ་རེད། སྤྱིར་ན། ཨ་ཁུ་འཇམ་ཉི་ལགས་ཀྱི་མཆོད་མདུན་དུ། དངུལ་སྒོར་དང་། རིན་པོ་ཆེའི་རིགས། དངུལ་རྟ་རྨིག་མ་སོགས་རིམ་པའི་རིམ་པ་བརྩེགས་ཏེ་མཆོད་པ་བཤམས་ཡོད་པས། ངས་དངུལ་རྟ་རྨིག་མའམ་ལྔ་བཅུ་མ་ནི། སྐབས་དེར་ཐེངས་དང་པོ་མཐོང་བ་ཡིན་ནའང་། ཆེས་བརྗེད་ཐབས་བྲལ་ཞིང་། ད་དུང་མིག་ཡུལ་དུ་གསལ་གྱི་ལེར་ཤར་བ་ནི།<འབྲེང་ལྕག>དེ་རེད། རྒྱུ་མཚན། ཉིན་ཞིག ང་རང་ཨ་ཁུ་ཁོང་གི་སྐུ་མདུན་དུ་དཔེ་ཁྲིད་པའི་སྔོན་དུ་ཐོན་པས། ཁ་བརྡ་བྱ་རྒྱུའི་གོ་སྐབས་བྱུང་། དེ་དུས། རེབ་གོང་ནས་བླ་བྲང་དུ་སློབ་གཉེར་དུ་འགྲོ་བ་ཉིན་མོའི་སྐར་མ་ལྟར་དཀོན་པས། ཁོང་གི་ང་ལ་སློབ་མ་གཞན་ལས་ཀྱང་བརྩི་མཐོང་ཆེ་ཞིང་ཁ་བརྡ་མོད་པའི་ཁར། ཨམ་སྐད་དུ་བཤད་ན། ཨ་ཁུ་ཁོང་ངོ་ཁྱ་ཞིག་དང་ཁ་བརྡ་གང་ཡོད་དྲང་བཤད་བྱེད་རྒྱུ་དགའ་བར་མ་ཟད། ཁོག་ན་ཡོད་པ་ཐམས་ཅད་ཁ་ནས་འཛེམ་མེད་བཤད་པ་ཞིག་ཡིན། ངས་སྒོ་དེ་དང་བསྟུན་ནས།  ཨ་ཁུ་ལགས། ཁྱེད་ཀྱི་ལྟག་རྒྱབ་ཀྱི<འབྲེང་ལྕག>དེ་ཅི་ཡིན་ཞེས་སྐད་ཆ་དྲིས་པ་ཡིན། སྐབས་དེར་ཨ་ཁུས་མིག་ལས་མཆི་མ་འཁྲུགས། ཕྱག་ཟུང་ཐལ་མོ་སྦྱར་ཏེ  སྐད་ངག་འདར་འདར་གྱིས་<འབྲེང་ལྕག>འདི་ནི། ང་རང་ལོ་ན་ཆུང་དུས་སུ་ཐམས་ཅད་མཁྱེན་པ་ཚང་གིས་གཅར་རྡུང་བྱེད་སྤྱད་པོ་ཡིན་ཟེར། ང་རང་ཧ་ལས་ཏེ། འོ་ན། འབྲེང་ལྕག་འདི་བན་ངོ་ལ་བཀལ་བས་ཅི་བྱ། ཞེས་མུ་མཐུད་དུ་དྲི་བ་དྲིས། ཨ་ཁུས། གཅིག་ནས་ང་ལ་ཡོན་ཏན་ཏོག་ཙམ་འབྱོར་ཏེ་མྱི་གྲལ་དུ་ཚུད་པ་འདི།<འབྲེང་ལྕག>འདིས་བཀའ་དྲིན་དང་། གཉིས་ནས་<འབྲེང་ལྕག>འདི་རིག་ཐེངས་རེར། ཐམས་ཅད་མཁྱེན་པའི་སྐུ་དྲིན་དྲན་གསོ་བྱེད་ཐུབ་པ་ཡིན་ཞེས། མགྲིན་པ་བརྣངས་བཞིན་ང་ལ་གསུངས་བྱུང་། སྐབས་དེར། ངའི་སེམས་ལ་གནའ་མྱི་སྒལ་ཚིགས་ཅན་འདི་ཚོ། བློ་རྩ་བརྟན་ཞིང་། བླ་མ་བསྟེན་ཚུལ་འདི་འདྲའི་རྫིག་ཨང་བསམས་པ་དང་ཆབས་ཅིག རང་གི་བླ་མ་བསྟེན་ཚུལ་ལ་ཡིད་ཐང་ཅིག་ཆད་དེ་ངུ་བྲོ་བ་ཞིག་བྱུང་།

   ༥  དེ་དང་ཆབས་ཅིག ཨ་ཁུ་བསམ་འགྲུབ་རྒྱ་མཚོ་དང་། ཨ་ཁུ་བཛྲ། ཁོང་གསུམ་གྱིས་ཨ་ཁུ་ལྷ་མོ་ཚུལ་ཁྲིམས་ཚང་གི་སྐུ་མདུན་ལས་སྒྲ་རྩིས་སྦྱངས་ཚུལ། སྐབས་ཤིག ཉི་ཟླ་གཟའ་འཛིན་སོགས་དུས་ཐོག་ཏུ་མ་ཁེལ་བས། ཉོག་དྲ་མང་དུ་བྱུང་ཚུལ། རྗེས་སུ་ས་གཤོང་དང་རྩིས་ཐུར་ལག་ཏུ་སྤྲད་དེ། ཐམས་ཅད་མཁྱེན་པའི་སྤྱན་ཟུང་འབུར་ཚུགས་ཀྱིས་གཟིགས་ཏེ། ཨང་རྩིས་གཅིག་འཕྱུགས་ནའང<འབྲེང་ལྕག>འདིས་བྲབས་ཚུལ་སོགས། ཁ་བརྡ་མང་བོ་སྦ་གསང་མེད་པར་ང་ལ་གསུངས།  སྐབས་དེ་ནས་བཟུང་། ཨ་ཁུ་ལྷ་མོ་ཚུལ་ཁྲིམས་ཚང་ནི། ངའི་སེམས་ཁོང་གི་ཉི་མ་དང་  དད་མོས་བྱ་སའི་མཁས་དབང་གཅིག་པུར་ཆགས་ཡོད་གཤིས། དེ་རིང་ཐོལ་བྱུང་དུ་ཁོང་གི་སྐུ་པར་མཐོང་བ་འདིས། ནམ་རྒྱུན་སྐད་འཕྲིན་གྱི་འཐུས་ཤོར་དང་། ཆོས་ལ་བར་དུ་གཅོད་པའི་སྡང་སེམས་ཀྱང་ཞི་ནས། མཚམས་ལན་རེར། སྐད་འཕྲིན་འདི་ཡང་ཇི་འདྲའི་མཁོ་གལ་ཆེ་ཨང་།  ཞེས་མནོན་མི་ཐུབ་པ་ལྟ་བུའི་དད་སྤྲོ་ཆེན་པོ་བྱུང་།ཟུར་མཆན  ཨ་ཁུ་ལྷ་མོ་ཚུལ་ཁྲིམས་ཚང་ནི།  སྤྱི་ལོ1889 ལོར་མདོ་སྨད་སྟག་ཚང་ལྷ་མོ་དང་ཐག་ཉེ་སར་སྐུ་འཁྲུངས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ། གྲྭ་བ་གྲྭ་རྐྱང་དང་། ཟླ་གམ་ཐར་རྐྱང་གི་རྣམ་ཐར་བདག་གིར་བཞེས་ནས། ཤ་རུས་རྡོ་ཐུག་གིས་ཐོས་བསམ་སློབ་གཉེར་གནང་བས། མཁས་པའི་རྒྱལ་ཐབས་ཟིན་པ་བྱུང་། རྡོ་བིས་དགེ་བཤེས་དང་ཐུགས་སྣང་མཐུན་པའི་ཆོས་གྲོགས་ཡིན། འདུལ་བའི་སྐོར་དང་། བསྡུས་གྲྭ་རྩོམ་འཕྲོ། ནག་རྩིས་རྡེལ་འགྲེམ་འབྲས་བཤད་སོགས་བཀའ་རྩོམ་མང་དུ་བཞུགས་ཀྱང་། རིག་གསར་སྐབས་ཕལ་མོ་ཆེ་ཁྱུར་མིད་དུ་བཏང་།        གསུང་ལས་སྐྱེས་པའི་བུ་སློབ་ལ། ཨ་ཁུ་དམུ་དགེ་བསམ་གཏན།     སྨད་སོག་བཛྲ་བློ་བཟང་སྦྱིན་པ།   རྩིས་རམས་པ་བསམ་འགྲུབ་རྒྱ་མཚོ།   སྐུ་ཚ་འཇམ་དབྱངས་ཉི་མ་སོགས་བསྟན་འགྲོར་ཕན་པའི་སློབ་བུ་མང་དུ་བྱུང་།   མཐར་དགུང་གྲངས་བདུན་ཅུ་བ་སྤྱི་ལོ1958 ལོར་སྐུ་གཤེགས་སོ།།