ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > འཕྲིན་གསར།

རེབ་གོང་ལྕང་སྐྱའི་དཔོན་སློབ་བློ་བཟང་ཉི་མའི་རྣམ་ཐར།

སྤེལ་དུས། 2018-10-13 19:02:39  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

 

ཨ་མཆོག་བདེ་མོ་ཐང་དགོན་པའི་སེ་ར་སྐུ་ཕྲེང་དང་པོ་༼༧དཔོན་སློབ་རིན་པོ་ཆེ་བློ་བཟང་ཉི་མའི༽རྣམ་ཐར།  

   སེ་ར་སྤྲུལ་བའི་སྐུའི་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་དད་པའི་འཇུག་ངོགས།  བློ་ཆེན་ཀུན་བཟང་རྒྱལ་བའི་མཁྱེན་པའི་མཐའ།།ཇི་སྙེད་འཇིག་རྟེན་ཁམས་དང་མཉམ་འཇུག་པས།།རྣམ་མང་འགྲོ་ལ་བརྩེ་བའི་དགོངས་པ་ཅན།།ཆོས་ཀྱི་ཉི་མ་གཏན་གྱི་སྐྱབས་སུ་འཛིན།།ཞེས་བཀྲ་ཤིས་པའི་བདེན་ཚིག་དྲི་མ་མེད་པས་སྔུན་བསུས་ཏེ་གླེང་བར་བྱ་བ་ནི་སྐྱབས་རྗེ་སེ་ར་སྤྲུལ་བའི་སྐུ་རིམ་བྱོན་གྱི་རྣམ་པར་ཐར་པ་རགས་བསྡུས་སུ་འགོད་པ་ཡིན་ལ།དེ་ཡང་སེ་ར་སྐུ་ཕྲེང་དང་བོ་ནི་དཔོན་སློབ་རིན་པོ་ཆེ་བློ་བཟང་ཉི་མ་མཆོག་ཡིན་ལ།ཁོང་ནི་རེབ་གོང་ལྕང་སྐྱའི་སྔགས་རྒྱུད་ནས་བོད་རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་སྟག་སྟེ་ཕྱི་ལོ་༡༧༣༤ལོར་སྐུ་འཁྲུངས།སྔ་འགྱུར་རྙིང་མའི་གཞུང་ལ་སྦྱངས་ཏེ་འདག་སྦྱར་གྱིས་ལོ་མཚམས་མང་བོར་བཞུགས་ནས་སྐུའི་འཕོང་ལས་ཆུ་སེར་བརྡོལ་ཞིང་།སྐུའི་པགས་པ་བཤུས་འགྲོ་བ་ལྟ་བུའི་ཚོད་ཀྱིས་དཀའ་བ་སྣ་ཚོགས་སྤྱད། དེ་ནས་ཁུ་བོ་ཐོགས་མེད་ཀྱིས་དབུས་སུ་གདན་དྲངས་ཏེ་དགའ་ལྡན་དགོན་དུ་ཚོགས་ཆོས་སུ་ཞུགས།དེ་དུས་དམ་ཅན་ལ་བསུར་བཏང་བས་ཚོགས་གཏམ་ཕོག་པར་བརྟེན་སེར་བྱེས་གྲྭ་ཚང་དུ་ཞུགས་དགོས་བྱུང་།དེ་དུས་སུ་མཚན་ལམ་དུ་ཁྲག་ཐིགས་ལྷུང་བའི་མི་ལྤགས་ཀྱི་གཡང་བཞི་ཞིག་སྟེང་དུ་ལྷུང་བའི་མཚན་མ་བྱུང་བས་ཐུགས་ཉམས་ལ་མི་བདེ་བ་བྱུང་བར་གྲགས།དེའི་ཚུལ་ཀློང་བརྡོལ་བླ་མར་ཞུས་པས་རྟ་མགྲིན་ཡང་གསང་འདོན་དགོས་ཀྱི་ལུང་བསྟན་བསྩལ་བ་ལྟར་དཔལ་རྟ་མཆོག་རོལ་པ་ཡི་དམ་དུ་བསྟེན་ནས་བསྙེན་པ་མཛད་པས་སྐུ་བསྙུང་ཞི།ཐུགས་གཉེར་དཔྱིས་ཕྱིན་པ་གནངས།སྔ་གཞུག་ཏུ་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་དང་།ཕུར་ལྕོགས་བླ་མ་བྱམས་པ་སོགས་ལས་ལམ་ཁྲིད་སོགས་གང་མང་གསན།སྐྱབས་མགོན་ཀུན་མཁྱེན་འཇིགས་མེད་དབང་བོ་མཆོག་དབུས་བཞུད་དང་བོའི་སྐབས་སུ་འབྲས་ཟུང་ཇུ་དགེ་བཤེས་ངག་དབང་དང་།གཙང་བ་དགེ་བཤེས་བསྟན་པ་དར་རྒྱས།དགའ་ལྡན་བྱ་ཁྱུང་བ་ཨ་མ་དགེ་བཤེས།བླ་མ་སེ་ར་བ་ཁོང་དང་བཅས་དགེ་བཤེས་བཞི་ཞབས་ཕྱིར་ཁྲིད།དགེ་བཤེས་བཞི་གས་གདན་ས་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་རེ་དང་ལྷན་དུ་ཚོགས་གླེང་མཛད།དགོན་པ་གསར་འདེབས་ཀྱི་སྐབས་སུ་ཁོང་གིས་མཇལ་མང་འགོག་པའི་སྐབས་སུ་སྐུའི་གཟན་སྣེ་ཞོ་ཟེའུ་བཟུང་བའི་བུད་མེད་ཅིག་གི་བཞོ་ལུང་ལ་ཐོགས་བསྡད་པས་སྐྱབས་མགོན་མཆོག་ནས་ཁྱོད་ས་འདིར་འབྲེལ་ཆེ་བའི་རྟེན་འབྲེལ་ལེགས་པོ་བྱུང་ཞེས་གསུངས་ནས་དགོན་པའི་འཆད་ཉན་པར་བསྐོ་བཞག་མཛད།གཟིམས་ཁང་རྒྱག་ཏུ་བཅུག་སྟེ་ལུང་དང་རིགས་པ་སྨྲ་བའི་སེ་ར་དགེ་བཤེས་བློ་བཟང་ཆོས་འཕེལ་ཞེས་པའི་བསྔགས་བརྗོད་ཀྱང་བསྩལ།རྭ་བ་སྟོད་པའི་ཕྱག་བཞེས་བཞིན་དུ་སྐུ་རིམ་ཆོས་ཐོགས་བཙུགསཤིང་ཐོས་བསམ་གླིང་ལ་སྤྱི་རྫས་གང་མང་བཞག་ཅིང་།ཁྲི་རབས་གཉིས་པའི་ཁུར་བཞེས་ཏེ་ལུགས་གཉིས་ཀྱིས་མཛད་ཁུར་རྒྱ་ཆེན་པོ་བསྐྱངས།ཕྱི་ནང་གི་རྐྱེན་དུ་མས་ཐུགས་སུན་ཏེ་རི་ཁྲོད་དུ་ཕེབས་དགོངས་ཀྱི་རེ་བ་སྐྱབས་མགོན་མཆོག་འཇིགས་མེད་དབང་བོ་ལ་ཞུས་པར་དཀོན་མཆོག་ལ་སྐྱབས་འཇུག་ཞུས་ཆོག་ཅེས་གསུངས།ཁོང་ནས་ཆོས་སྐྱོང་ལ་གཏད་གཉེར་མཛད་པས་རྟགས་ཡ་མཚན་པ་བྱུང་།མཐུ་གཏད་བྱས་པ་དེ་དག་གི་སྡིག་སྦྱོང་གི་ཆེད་དུ་ལོ་རེའི་ཧོར་ཟླ་བཞི་བའི་བཅོ་ལྔ་ལ་ནང་ཆེན་རང་ནས་མཐུན་རྐྱེན་སྦྱར་ཏེ་སྐྱ་སེར་བརྒྱ་ཕྲག་ལྷག་གིས་སྨྱུང་གནས་བསྲུང་བའི་ཕྱག་ལེན་ད་ལྟའི་བར་དུ་གནས་པའོ།།གྲྭ་ཚང་རིན་པོ་ཆེར་བདེ་ལམ་གྱི་ཁྲིད་སོགས་བསྩལ་ཏེ་བསྟན་པའི་རྨང་ཚུགས་པར་མཛད།ཤིས་ཚང་དཔོན་པོའི་རྩར་ཕེབས་ནས་དེ་གའི་མནའ་མར་མ་ཎི་འབུམ་ལྡན་ལ་མཆོད་པ་འབུལ་དུ་བཅུག་སྟེ་སྤྲུལ་སྐུ་རེ་འཁྲུངས་ན་རབ་དབུས་གཙང་དང་།དེ་མིན་ན་བླ་བྲང་བཀྲ་ཤིས་འཁྱིལ་དུ་བསྐྱལ་ན་བཟང་རབས་ཀྱི་གསུང་འཕྲོས་བསྩལ།སྒྱིས་ཚང་གི་མཐའ་དམར་དུ་ཛམ་དམར་བསྒྲུབས་ཏེ་སྦྱིན་བསྲེག་གནངས་སྐབས་ཤིས་ཚང་བེའུ་གཤོང་གིས་གདན་ཞུ་འབྱོར་བ་ལྟར་ཕེབས་ཏེ་གང་ཅིའི་གསུང་གླེང་བསྩལ་ཅིང་བསྟན་འགྲོའི་ཁུར་ཆེན་སྐྱོང་མུར་དགུང་ལོ་དོན་བརྒྱད་བཞེས་པ་བོད་རབ་བྱུང་བཅུ་བཞི་བའི་ཆུ་ཕོ་སྤྲེལ་ཏེ་ཕྱི་ལོ་༡༨༡༢་ལོར་གཟུགས་སྐུ་རགས་པ་ཆོས་དབྱིངས་སུ་ཐིམས་པའི་ཚུལ་བསྟན།སྐྱབས་མགོན་མཆོག་གི་བཀའ་གསུང་ལྟར་དུ་གཉན་རི་གོང་སྔོན་གྱི་རི་ཁར་སྐུ་གདུང་ཞུགས་འབུལ་སྐབས་ངོ་མཚར་བའི་རྟགས་མཚན་མང་དུ་བྱུང་བར་མ་ཟད།ཁྱད་པར་དུ་གྲུབ་པ་མཆོག་གི་སར་གཤེགས་པའི་རྟགས་མཚན་དུ་ཐུགས་ལྗགས་སྤྱན་གསུམ་བབས་པ་ང་བརྒྱད་ཡར་སྔོན་བར་དུ་བཞུགས་ཀྱང་དུས་འགྱུར་གྱི་ཟས་སུ་གྱུར།སྐུ་གདུང་བཞུས་པའི་ཤུལ་དུ་འཕགས་མ་གདུགས་དཀར་མོ་ཅན་གྱི་རྡོ་སྐུ་བཞེངས་ཏེ་ཁ་བྱང་དུ་བསྐོར་ཡོད་པ་སོགས་བྱང་གི་བྱད་གཏད་བཟློག་པའི་ཆེད་སོགས་ཡིན་པའི་བཤད་ཚུལ་མང་།དེང་སང་ཡང་རྟེན་འབྲེལ་གང་མང་ལ་དགོངས་ནས་ཧོར་ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན་ཨ་མཆོག་དགོན་པའི་གྲྭ་ཚང་ཡོངས་གོང་སྔོན་རི་རྩེར་ཕེབས་ནས་བཀྲཤིས་གསོ་སྦྱོང་དང་འབྲེལ་ལབ་བཙས་བསྟད་དེ་གཉན་རིའི་དབུ་རྩེར་ཕེབས་ཏེ།རྡོ་སྐུའི་རྒྱབ་ནས་གདུགས་རིང་ཚར་གཅིག་གསུངས་ནས་བཟློག་པ་དང་བཅས་པའི་ཐལ་སྐད་སོགས་གཏོང་བའི་སྲོལ་ཀ་མ་ཉམས་པར་ཡོད་པར་བཤད།       

      ༢ སྐུ་ཕྲེང་གཉིས་པ་ནི་སྐུ་གོང་མའི་ཞལ་ཆེམས་ལྟར་དུ་ཤིས་ཚང་དཔོན་ཚང་དུ་ཡབ་མགོན་པོ་བཀྲ་ཤིས་དང་ཡུམ་དཀོན་མཆོག་འཚོ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་བཞི་བའི་ཤིང་མོ་ཕག་སྟེ་ཕྱི་ལོ་༡༨༡༥ལོར་སྐུ་འཁྲུངས།སྐྱབས་མགོན་སྐུ་ཕྲེང་གསུམ་པས་སྐུ་གོང་མའི་ཡང་སྲིད་དུ་ཐུགས་ཐག་བཅད་ཀྱང་ཨ་མྱེས་ཚེ་རིང་འབུམ་གྱིས་སྦྱིན་མ་འདོད་པས་དུས་ཡུན་གང་འཚམ་རིང་གདན་སར་འགོད་མ་ཐུབ་པར་ལུས་ཤིང་།ཁོས་རེ་འདོད་ལྟར་རྩེ་དབུས་གཅོད་རྒན་ཚང་ལ་ཞུས་ཀྱང་སྐྱབས་མགོན་མཆོག་གི་གསུང་ནང་བཞིན་དུ་ཐུགས་ཐག་འཁེལ་བ་བྱུང་བར་མ་ཟད།རྩེ་དབུས་ཚང་ནས་ཀྱང་ཁྱེད་ཚང་གི་བུ་འདི་སེ་ར་ཚང་གི་སྤྲུལ་བའི་སྐུ་འཁྲུལ་མེད་ཡིན།རབ་ཡིན་ན་དབུས་གཙང་གང་རུང་དང་།དེ་མིན་ན་བླ་བྲང་བཀྲ་ཤིས་འཁྱིལ་ལྟ་བུར་སྐྱོལ་ཅེས་བཀའ་གསུང་གནངས།དགུང་ལོ་བདུན་པ་ལ་གདན་སར་བཀོད་ཅིང་དགེ་བའི་བཤེས་གཉེན་དམ་པ་༧རྗེ་འཇམ་དབྱངས་དོན་འགྲུབ་དང་དུང་ཕྲུག་རི་ཁྲོད་པ་བསྟན་འཛིན་གཉིས་རིམ་བཞིན་དགེ་རྒན་དུ་བསྟེན་ནས་ཀློག་དང་འདོན་ཆའི་སྐོར་གང་མང་དང་།བློ་སྦྱོང་མཚོན་ཆའི་འཁོར་ལོ་སོགས་ཐུགས་འཛིན་མཛད།དགེ་རྒན་བསྟན་འཛིན་མཆོག་ལས་བཀའ་ཆོས་ཀྱང་གང་མང་གསན།དགུང་ལོ་བརྒྱད་པ་ལ་རྗེ་དབལ་མང་དཀོན་མཆོག་རྒྱལ་མཚན་པ་ལས་ཀུན་རིག་གི་དབང་གསན་ཅིང་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་དགོས་གསུངས་པ་ལྟར་དུ་དགུང་ལོ་བཅུ་གསུམ་པ་ལ་མདོ་སྨད་བསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་རྨད་བྱུང་ཐོས་བསམ་གླིང་དུ་ཆོས་གྲྭར་ཞུགས།རྗེ་དབལ་མང་དཀོན་མཆོག་རྒྱལ་མཚན་མཆོག་བླ་མའི་གཙོ་བོར་བསྟེན་ནས་བཀའ་བཞིན་བསྒྲུབས་པས་ཐུགས་ཟིན་ཀྱི་སློབ་མར་གྱུར།སྔ་གཞུག་ཏུ་བསྡུས་གྲྭ་དང་།བློ་རྟགས།དོན་བདུན་ཅུ།ཕར་ཕྱིན་སྐབས་དང་བོ།དྲང་ངེས་ལེགས་བཤད་སྙིང་བོ།དགེ་འདུན་ཉི་ཤུ།རྟེན་འབྲེལ་ལུང་རིགས་བང་མཛོད།དབུ་མ་ལུང་རིགས་སྒྲོན་མེ།མཛོད་རྩ་བ་རྣམས་ཐུགས་འཛིན་མཛད་ཅིང་།གཞུང་བཀའ་པོད་ལྔས་གཙོར་བྱས་རིག་པའི་གནས་ཐམས་ཅད་ལ་ཐོས་བསམ་ཕུ་ཐག་ཆོད་པར་བྱས།དགུང་ལོ་ཉེར་གསུམ་པ་ལ་སྐྱབས་མགོན་སྐུ་ཕྲེང་གསུམ་པ་རྗེ་བཙུན་འཇིགས་མེད་རྒྱ་མཚོ་མཆོག་ལས་བསྙེན་པར་རྫོགས།འཛིན་གྲྭ་བཀའ་རམས་སུ་སླེབས་ནས་ལོ་ངོ་གཉིས་ལ་རྒྱུད་གྲྭར་ཞུགས་ནས་སྔགས་ལ་སྦྱངས།ཀུན་མཁྱེན་ཡབ་སྲས་ལས་ཆོས་བཀའ་ཅི་རིགས་གསན་ཅིང་རྗེ་བཀའ་འགྱུར་བ་ལས་རྒྱལ་བའི་བཀའ་རིན་པོ་ཆེའི་ལུང་གསན།ཐོ་ཡོན་ལྷ་བཙུན་མཆོག་ལ་འཇིགས་བྱེད་རྭ་པོད་ཀྱི་ལུང་སོགས་ཞུས་ཤིང་།རྡོ་རམས་པ་ཐོན་ནས་རྗེ་བཙུན་པའི་འདུལ་བའི་རྒྱུགས་ཕུལ།སྔོན་པོ་ཐང་བཤད་སྒྲུབ་དར་རྒྱས་གླིང་གི་ཁྲིར་ལོ་ངོ་དྲུག་ཙམ་ལ་བཞུགས་ནས་འཆད་ཉན་ལ་རྟིང་སྐུལ་རྒྱ་ཆེན་མཛད་ཅིང་།ཐུགས་རྗེ་ཆེན་པོའི་དབང་དང་ཀུན་མཁྱེན་གོང་མའི་རྣམ་ཐར་གྱི་ལུང་སོགས་སྨིན་རྒྱས་སུ་བསྩལ།སྐྱབས་མགོན་གསུམ་པ་ཆེན་པོ་གདན་འདྲེན་ཞུས་ཤིང་།མཛོད་དགེ་གྲོ་ཚང་དགོན་པའི་རྒྱུད་གྲྭའི་ཁྲིར་ལོ་གསུམ་ཙམ་བཞུགས་ནས་གྲྭ་ཚང་དེ་གའི་རྒྱུད་གྲྭ་གསར་ཚུགས་ལ་སྨན་པའི་མཛད་རྗེས་རླབས་པོ་ཆེ་བསྐྲུན།དེ་མིན་ཚ་གན་བེ་ཤིང་དགོན་པའི་ཁྲི་ལའང་བཞུགས་ནས་སྐྱབས་མགོན་མཆོག་གདན་འདྲེན་ཞུས་པ་སོགས་ཀྱི་མཛད་རྗེས་རྨད་དུ་བྱུང་།ཆོས་འཁོར་སྒར་གསར་གྱི་ཁྲི་ཁུར་ལོ་ངོ་བདུན་ཙམ་ལ་བསྐྱངས་ནས་འཆད་ཉན་ལ་རྟིང་སྐུལ་དང་ལུགས་གཉིས་ཀྱི་སྐྱོང་ཁུར་ཕུལ་དུ་བྱུང་བ་མཛད།ཁྲི་ཟུར་མཛད་ནས་ཀྱང་སྒར་གྲོང་གི་གང་ཅིའི་ཐད་ལ་གཟིགས་སྐྱོང་བླ་མེད་མཛད་པས་སྐྱ་སེར་ཀུན་ཀྱིས་དད་དུངས་བཅོས་མིན་མཛད།ལོ་ལྟར་དགུན་དཔྱིད་ཀུན་ལ་ཐུགས་དམ་ཉམས་བཞེས་དང་སྐུ་མཚམས་སུ་བཞུགས་ནས་ལྷག་ལྷ་དུ་མའི་བསྙེན་པ་ཁ་སྐོང་མཛད་པ་བསམ་གྱིས་མི་ཁྱབ་པ་མཛད་པའི་མུར་དགུང་ལོ་རེ་གཅིག་བཞེས་པ་བོད་རབ་བྱུང་བཅོ་ལྔ་བའི་ཤིང་མོ་ཕག་སྟེ་ཕྱི་ལོ་༡༨༧༥ལོར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན།                        

    ༣ སེ་ར་སྐུ་ཕྲེང་གསུམ་པ་རྗེ་སྐལ་བཟང་ལུང་རིགས་མཆོག་ནི་ཤིས་ཚང་དཔོན་སྐོར་དུ་ཡབ་བློ་བཟང་དང་ཡུམ་ལྷ་མོ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་བའི་ས་ཕོ་སྟག་སྟེ་ཕྱི་ལོ་༡༨༧༨ལོར་སྐུ་འཁྲུངས།སྐྱབས་མགོན་སྐུ་ཕྲེང་བཞི་བ་༧རྗེ་བཙུན་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་བོ་མཆོག་གིས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནངས།ཨ་མཆོག་དགོན་དགའ་ལྡན་ཆོས་འཁོར་གླིང་དུ་གདན་སར་བཀོད།བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་བཀའ་པོད་ལྔ་ལ་གསན་སྦྱོང་དཔྱིས་ཕྱིན་པར་མཛད།དེ་ནས་སྐུ་གོང་མའི་གདན་ས་ཆེན་པོ་ཨ་མཆོག་དགོན་དང་བླ་བྲང་བཀྲ་ཤིས་འཁྱིལ་ཕན་ཚུན་དུ་བཞུགས་ནས་བསྟན་འགྲོར་སྨན་པའི་མཛད་པ་རླབས་པོ་ཆེ་བསྐྱངས་ཤིང་།འདི་སྐབས་ཤིག་ཨ་མཆོག་ཏུ་ཕེབས་བཞུད་ཅིག་གི་སྐབས་སུ་ཞོ་ཟེའུ་བཟུང་བའི་བུད་མེད་དང་ཕྲད་པས་འོ་ད་དེ་རིང་རྟེན་འབྲེལ་ཡག་པོ་བྱུང་།ངའི་ཨ་མ་རྗེ་བཙུན་སྒྲོལ་མ་དང་དངོས་སུ་མཇལ་བྱུང་ཞེས་པ་སོགས་ཀྱི་དཔག་པར་དཀའ་བའི་གསུང་བཤད་གནངས།དེ་ནས་ནམ་ཞིག་གི་ཆ་ལ་བུད་མེད་ཅིག་གིས་སྔར་རྟེན་འབྲེལ་འགྲིག་པའི་ཞི་མོ་དེ་ཁྲིད་འོངས་ནས་ངའི་བུ་མོར་མག་པ་ཞིག་བསུ་དགོས་པས་གང་ལེགས་ཀྱི་ཐུགས་བརྟག་ཞུས་པར།ཁོང་ནས་མག་པ་ཆེད་དུ་བསུ་མི་དགོས་རྒྱ་འོངས་ན་བོད་འོངས་ན་སྐྱུར་ཞོགས་དང་ལམ་ལྷོང་འོངས་ངེས་ཞེས་གསུངས་ཏེ་རྟེན་སྐལ་ཞིག་བསྩལ་ཏེ་ཐུགས་སྨོན་རྒྱ་ཆེར་གནངས་པའི་ཚུལ་རྣམས་ཕལ་བའི་སྤྱོད་ཡུལ་ལས་འདས་སོ།། འདི་ལྟར་ཕལ་བའི་བསམ་སྤྱོད་ལས་འགོངས་པའི་སྐུའི་མཛད་སྤྱོད་སྣ་ཚོགས་ཀྱིས་ཕྱག་མཛོད་དབལ་མང་མཆོག་སྤྲུལ་དང་ལྷན་བསྡེབས་ཀྱིས་ཆོས་སྲིད་ལུགས་གཉིས་ཀྱི་ཆ་ལ་ཞི་དྲག་གི་ལས་གང་མང་བསྒྲུབས་པས་ཕྲག་དོག་ཅན་གང་མང་གི་བསམ་སྦྱོར་ངན་པའི་བྱ་སྤྱོད་ལ་བརྟེན་ནས་དགུང་ལོ་ཞེ་གསུམ་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་གླང་སྟེ་ཕྱི་ལོ་༡༩༢༡་ལོར་སྐུ་མྱ་ངན་ལས་འདས་པའི་སྐུ་གདུང་རིན་པོ་ཆེ་གཉན་ལྷ་གོང་སྔོན་གྱི་ནོར་ལྷས་གོང་མར་ཞུགས་འབུལ་ཞུས་སོ།།༤ སེ་ར་སྐུ་ཕྲེང་བཞི་བ་༧རྗེ་བཙུན་སྐལ་བཟང་བསྟན་པ་རབ་རྒྱས་མཆོག་ནི་སྐུ་གོང་མས་ལུང་བསྟན་དང་མ་ཡུམ་ངོས་འཛིན་ཞུས་པ་ལྟར་དུ་བསང་ཆུ་རྫོང་ཨ་མཆོག་གྲོང་རྔ་རྒོད་སྡེ་བར་ཡབ་སྙིང་ལོ་དང་ཡུམ་ཚེ་རིང་འཚོ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་ཤིང་བྱི་སྟེ། ཕྱི་ལོ་༡༩༢༤ལོའི་༩ཚེས་༢༢ཉིན་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས།སྐྱབས་མགོན་སྐུ་ཕྲེང་ལྔ་བས་སེ་ར་སྐུ་གོང་མའི་ཡང་སྲིད་དུ་ཐུགས་ཐག་བཅད།ཨ་མཆོག་དགོན་དུ་གདན་སར་བཀོད། ༧རྗེ་སྐལ་བཟང་དཔལ་འབྱོར་བཟང་བོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས།མཚན་ལ་སྐལ་བཟང་བསྟན་པ་རབ་རྒྱས་ཞེས་གསོལ།དགེ་བཤེས་ཀུན་དགའ་ཚང་ལས་ཕྲལ་ཀློག་སོགས་ལ་སྦྱངས་ཤིང་ཆོས་སྤྱོད་ཀྱི་སྐོར་གང་མང་ཐུགས་ལ་བཟུང་།དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཚོགས་ཆོས་གྲྭར་ཞུགས་ཏེ།བསང་ཁོག་དགེ་བཤེས་ཚུལ་ཁྲིམས་ཚང་དགེ་རྒན་དུ་བསྟེན་ནས་གཞུང་ལུགས་རབ་འབྱམས་དང་རིག་གནས་སྐོར་ལ་གསན་སྦྱོང་མཛད།ཀུན་མཁྱེན་ཡབ་སྲས་ལས་དབང་ལུང་མན་ངག་སོགས་བཀའ་ཆོས་མང་དུ་གསན།རྒན་གྱའི་བྲག་དཀར་དགོན་པ་དང་།མཛོད་དགེ་སྒར་རྙིང་གི་ཁྲི་ཁུར་བསྐྱངས།འདི་དུས་གཞན་གྱིས་མཐོ་འཚམས་པའི་ལོག་སྒྲུབ་ཀྱི་བྱ་སྤྱོད་སྣ་ཚོགས་སྤེལ་བར་ཆོས་དབྱིངས་བདེན་སྟོབས་ཀྱིས་ཚར་གཅོད་མཛད་པའི་རྣམ་ཐར་མང་།དེ་མིན་ཙ་ཡུས་དགོན་པ་སོགས་ཀྱི་ཁྲི་ཁུར་བསྐྱངས་ཏེ་ལུགས་གཉིས་ཀྱི་སྐྱོང་བཀུར་རྨད་དུ་བྱུང་།ཨ་མཆོག་དགོན་པའི་ཆོས་སྲིད་ལུགས་གཉིས་ཀྱི་ཆ་ལ་རྨད་དུ་བྱུང་བའི་མཛད་རྗེས་རླབས་པོ་ཆེ་བསྐྲུན།ཕྱི་ལོ་ཆིག་སྟོང་སྟོང་དགུ་བརྒྱ་ང་བརྒྱད་ལོར་ཨ་མཆོག་འདུ་ཁང་ཆེན་མོར་མེ་དགྲ་བྱུང་།ཕྱི་ལོ་༡༩༦༢ལོར་མཆོག་སྤྲུལ་འདི་བས་གོང་ས་སྐྱབས་མགོན་དྲུག་པ་ཆེན་པོ་༧རྗེ་བཙུན་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་ལ་རྟེན་སྐལ་ཞིག་ཞུས་པར་སྐྱབས་མགོན་མཆོག་ནས་བརྩེ་གཟིགས་ཀྱིས་ཀུན་མཁྱེན་འཇིགས་མེད་དབང་བོའི་འདྲ་སྐུ་གསུང་འབྱོན་མ་དང་།སྟོན་པ་གཙོ་འཁོར་གསུམ་པའི་འདྲ་སྐུ་བྱིན་ཅན་སོགས་གནངས་པའི་བཀའ་དྲིན་བསམ་གྱིས་མི་ཁྱབ།ཕྱི་ལོ་༡༩༨༠ལོ་ནས་བཟུང་ཨ་མཆོག་དགོན་པའི་དོ་དམ་ཁང་གི་འགན་གཙོ་བཞེས་ཏེ་གྲྭ་ཚང་སོ་སོར་ཕྱོགས་གང་ཅིའི་ཐད་ཀྱི་ཐུགས་ཁུར་བླ་མེད་བསྐྱངས་པ་དང་།ཁྱད་པར་དུ་རྒྱུད་པའི་འདུ་ཁང་བསྐྱར་བཞེངས་ཀྱི་ཐད་ལ་ཐུགས་འགན་ཡོངས་སུ་རྫོགས་པ་བཞེས།གཞན་ཡང་ཕྱི་ལོ་༡༩༨༡ལོར་གྱི་ལིང་དགོན་པའི་ཆོས་སྒོ་གསར་དུ་འབྱེད་དགོས་སྐོར་གྱི་ཐུགས་འགན་ཡང་བླ་ལྷག་ཏུ་བཞེས་ནས་སྐྱབས་མགོན་རིན་པོ་ཆེར་དེ་ལུགས་ཀྱི་སྙན་གསན་ཕུལ་བ་སོགས་ཀྱི་ཐུགས་སྟོབས་རྨད་དུ་བྱུང་།ཕྱི་ལོ་༡༩༨༧ལོར་དགོན་ས་སྤར་བ་དང་འདུ་ཁང་བཞེངས་པ་སོགས་ཀྱི་མཛད་པ་རྒྱ་ཆེན་པོ་བསྐྱངས།དེ་ལས་གཞན་དུ་སྲིད་གྲོས་ཀན་ལྷོ་ཁུལ་སྐབས་དགུ་བའི་རྒྱུན་ལས་ཨུ་ཡོན་དང་།ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་མི།བསང་ཆུ་རྫོང་སྲིད་གྲོས་རྒྱུན་ལས་ཨུ་ཡོན།ཨ་མཆོག་ཡུལ་ཚོ་ལྟེ་བའི་སློབ་ཆུང་གི་མཚན་འཛིན་སློབ་གཙོ་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ནས་སྤྱི་ཚོགས་བདེ་འཇགས་དང་།རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་དར་སྤེལ།དེ་མིན་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོབ།རྩྭ་ས་རྩོད་གླེང་འདུམ་སྒྲིག་དང་།ས་གནས་དཔལ་འབྱོར་དར་སྥེལ།མི་དམངས་བདེ་སྐྱིད་འོངས་པ་བཅས་ཀྱི་ཐད་ལ་སྔ་ན་མེད་པའི་མཛད་རྗེས་རླབས་པོ་ཆེ་བསྐྲུན་པ་དང་།ཁྱད་པར་དུ་བསྙེན་མཚམས་མང་བོར་བཞུགས་ནས་བསྟན་འགྲོར་སྨན་པའི་ཐུགས་དམ་ཉམས་བཞེས་བསྐྱངས་པ་དང་།སྒོས་སུ་ལམ་རིམ་ཆེ་ཆུང་དང་བརྒྱད་སྟོང་བ་སོགས་རྒྱུན་གསུང་བྱེད་བཞིན་པར་བཞུགས།སེ་ར་སྤྲུལ་བའི་སྐུ་རིམ་བྱོན་གྱི་གྲལ་མཚམས་ནི་ཨ་ལགས་ཕྱག་མཛོད་མཁན་པོ་ཚང་གི་ཞོལ་མ་ཏག་ཏག་པོ་དེ་ཡིན་པར་ཁོང་སྐུ་གོང་མས་གསུངས།དགུང་ལོ་དོན་བདུན་བཞེས་པ་ཕྱི་ལོ་༢༠༠༢ལོའི་ཧོར་ཟླ་༩བའི་ཚེས་ཉེར་གཉིས་ཉིན་ལོ་ངོ་དུ་མའི་ཡར་སྔོན་ནས་བུམ་གཏེར་འབུལ་བའི་སྲོལ་ཀ་མ་ཉམས་པར་ཡོད་པའི་ཆུ་མགོ་ཁྲ་ལྡང་ཁར་བུམ་གཏེར་འབུལ་སྐབས་ཡ་ད་རྟེན་འབྲེལ་འགྲིག་ཐལ།ཁྱེད་ཚོས་བཞུགས་གྲྭ་ཞིག་གྱིས།བསང་ཞིག་ཀྱང་ཐོངས་དང་།དེ་རིང་ངས་འདི་ནས་བུད་མེད་ཅིག་མཐོང་སོང་།ལོ་ཚོད་བཅུ་དྲུག་ཙམ་ཞིག་རེད།འདིའི་སྐོར་འདི་གཞན་སུ་ལའང་མ་བཤད་རྗེས་སོར་ཁྱེད་ཚོས་ཤེས་འོངས།ཁོ་མོ་ཡར་ཁྲིད་ཤོག་དང་འུ་ཚོས་མཉམ་དུ་ཇ་འཐུངས་ཞེས་པ་ལ་སོགས་པའི་ཐུན་མོང་མ་ཡིན་པའི་གསུང་བཤད་གནངས་པ་སོགས་ཕལ་བའི་སྤྱོད་ཡུལ་ལས་འདས།དེ་དང་དེ་ལ་སོགས་པའི་མཛད་སྤྱོད་ཡ་མཚར་བ་མང་ཡང་རེ་ཞིག་དེ་ག་ཙམ་ལ།དེ་ལྟར་ཕལ་བའི་སྤྱོད་ཡུལ་ལས་འདས་པའི་སྦས་པའི་རྣལ་འབྱོར་བའི་སྐུའི་མཛད་པ་སྣ་ཚོགས་ཀྱིས་བསྟན་འགྲོའི་དོན་རླབས་ཆེན་མཛད་པའི་ངོས་ནས་དགུང་ལོ་དོན་བདུན་བཞེས་པ་བོད་རབ་བྱུང་བཅུ་བདུན་པའི་ཆུ་རྟ་སྟེ་ཕྱི་ལོ་༢༠༠༢ལོའི་ཧོར་ཟླ༡༢་པའི་ཚེས་༡༧་ཉིན་རྟགས་མཚན་དུ་མ་དང་བཅས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ།།                  
      ༥ སེ་ར་སྐུ་ཕྲེང་ལྔ་བ་བློ་བཟང་ལུང་རྟོགས་རྒྱ་མཚོ་མཆོག་ནི་བསང་ཆུ་རྫོང་ཨ་མཆོག་གྲོང་བ་རྐུན་རུ་ཞོལ་མ་རུ་ཡབ་རྟ་མགྲིན་མགོན་པོ་དང་ཡུམ་རྟ་མགྲིན་སྐྱིད་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་བདུན་པའི་མེ་ཕག་སྟེ་ཕྱི་ལོ་༢༠༠༧ལོའི་ཧོར་ཟླ་༤བའི་ཚེས་༡༧ཉིན་སྐུ་འཁྲུངས།དགུང་ལོ་དྲུག་ཙམ་ལ་སྐྱབས་མགོན་དྲུག་པ་ཆེན་པོ་རྗེ་བཙུན་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་མཚན་ལ་བློ་བཟང་ལུང་རྟོགས་རྒྱ་མཚོ་ཞེས་གསོལ།ཨ་མཆོག་དགོན་དགའ་ལྡན་ཆོས་འཁོར་གླིང་དུ་གདན་སར་བཀོད།གོང་ས་མཆོག་གི་བཀའ་ལྟར་དུ་ར་ཤ་འཇིགས་མེད་རྒྱ་མཚོ་དགེ་རྒན་དུ་བསྟེན་ནས་འདོན་ཆོས་རྒྱན་འཇུག་སོགས་དཀའ་ཚེགས་མེད་པར་ཐུགས་འཛིན་མཛད་ཅིང་།ཡིག་རིགས་སྣ་ཚོགས་ཀྱང་བྱང་ཆུད་པར་སྦྱངས།དེ་དུས་ཤིག་ཁོང་མགོན་ཁང་དུ་འགྲོ་རྒྱུ་ཡིན་གསུངས་ནས་སུས་ཀྱང་མ་ཁོག་པར་སྐུ་གོང་མའི་དབོན་པོ་ཨ་ཁུ་ཕུན་ཚོགས་རྒྱ་མཚོ་དང་ལྷན་ཏུ་མགོན་ཁང་ནང་དུ་ཕེབས་ནས་དཔལ་ལྡན་ལྷ་མོའི་གསེར་སྐུ་དང་སྐུ་གོང་མའི་ཕྱག་མཚན་ཕུར་བུ་སོགས་ཡོ་བྱད་གང་མང་ལ་སྤྱན་གཏད་ནས་ངོས་འཛིན་བྱས་པ་སོགས་ཀྱི་རྟགས་མཚན་མང་།དབང་བཀའ་གསན་པའི་སྐོར་ལ་གོང་ས་སྐྱབས་མགོན་མཆོག་ལས་བདེ་བ་ཅན་དུ་སྐྱེས་པའི་སྨོན་ལམ་དང་།ཤམྦྷ་ལའི་སྨོན་ལམ་གཉིས་ཐེངས་ཁ་ཤས་སུ་ཐོབ།ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་༧རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་མཆོག་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་།མཚན་ལ་བློ་བཟང་ལུང་རྟོགས་རྒྱ་མཚོར་གསོལ།རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་།དཔལ་དུས་ཀྱི་འཁོར་ལོའི་དབང་དང་།གསང་འདུས་ལྷ་སོ་གཉིས་ཀྱི་དབང་།བདེ་མཆོག་ལཱུ་ཨུ་བ་ལྷ་རེ་གཉིས་པའི་དབང་།འཇིགས་བྱེད་ལྷ་བཅུ་གསུམ་མ་དང་དཔའ་བོ་གཅིག་པའི་དབང་།གདུགས་དཀར་བྱད་གྲོལ་དང་གཏད་གྲོལ་གྱི་དབང་།རྡོར་དབྱིངས་ཀྱི་དབང་།མཁའ་སྤྱོད་མའི་དབང་བཞི་བྱིན་རླབས།གཅོད་དབང་ནམ་མཁའ་སྒོ་འབྱེད་ཀྱི་དབང་དང་།རྒྱལ་ཐང་བའི་གཅོད་དབང་།ཚེ་དབང་།སྨན་བླའི་དབང་།རྟ་ཕྱག་ཁྱུང་གསུམ།ཀུན་རིག་གི་དབང་།ཆོས་རྒྱལ་ཕྱི་སྒྲུབ་ཀྱི་རྗེས་གནང་།མགོན་པོ་ཕྱག་དྲུག་པ་དང་ལྷ་མོའི་རྗེས་གནང་།དམ་ཅན་ར་བཞོན་གྱི་སྲོག་གཏད་སོགས་གསན་པར་མ་ཟད།ཆོས་སྤྱོད་ཀྱི་སྐོར་ལ་སྐྱབས་འགྲོ་དང་།དགའ་ལྡན་ལྷ་བརྒྱ་མ།ས་ལམ་སྐབས་གསུམ་དང་།ལམ་རིམ་བསྡུས་དོན།གནས་བཅུ།བླ་མཆོད།སྨན་བླ།སྨོན་ལམ་རྣམ་ལྔ།ལྟུང་བཤགས།སྤྱི་བཤགས།སྨན་ཐུང་།གདུགས་དཀར།རྟ་ཕྱག་ཁྱུང་གསུམ།ཚེ་ལྷ་རྣམ་གསུམ།སྒྲོལ་དཀརབསྟོད་པ།རྣམ་རྒྱལ་མའི་བསྟོད་པ།རིགས་གསུམ་མགོན་པོ།འཇམ་དབྱངས་གང་བློ་མ།ཕྱག་རྡོར།སེང་གདོང་མ།མརྩྱཱེ་ྱསོགས་ཀྱི་ལུང་གསན།ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་མཆོག་ལས་བཀའ་གདམས་གསུང་སྒྲོས་ཐོར་བུའི་སྐོར་དང་།རྟེན་འབྲེལ་བསྟོད་པའི་བཤད་ལུང་།འཇམ་དབྱངས་རིགས་ལྔའི་ལུང་།བདེ་མཆོག་ཡབ་ཡུམ་དཀར་པོའི་རྗེས་གནང་།རྗེ་བཙུན་མ་རྡོ་རྗེ་ཕག་མོའི་རྗེས་གནང་།དམ་ཅན་ཆོས་ཀྱི་རྒྱལ་བོ་ཕྱི་ནང་གསུམ་གྱི་རྗེས་གནང་བཅས་ཐོབ།དེ་ནས་ཡང་སྐྱབས་མགོན་མཆོག་གི་བཀའ་ལྟར་དུ་༢༠༡༧ལོའི་ཧོར་ཟླ་བཞི་བའི་ཚེས་གསུམ་ཉིན་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས།ཧོར་ཟླ་བཞི་བའི་ཚེས་བརྒྱད་ཉིན་མཆོད་མཇལ་བསྡུ་མ་བྱས་ཏེ།དགེ་བཤེས་ཀོའུ་བ་གྲགས་པ་རྒྱ་མཚོ་དགེ་རྒན་དུ་བསྟེན་ནས་བསྡུས་གྲྭ་དང་སྤྱོད་འཇུག་སོགས་ཐུགས་འཛིན་དང་གསན་སྦྱོང་མཛད་མུས་སུ་བཞུགས་བཞིན་པ་འདི་ལགས་སོ།།