ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > འཕྲིན་གསར།

སྐྱེ་བ་སྔ་ཕྱི་ཡོད་མེད་ལ་དཔྱད་པ།

སྤེལ་དུས། 2018-10-16 14:13:18  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

 

     ༧རྒན་ལམ་རིམ་པས།            

 བསྒྲུབ་བྱ་དམ་པའི་ཆོས་ཀྱི་སྙིང་པོ་བསྡུས་ན་གནས་སྐབས་ཀྱི་བསྒྲུབ་བྱ་མངོན་མཐོ་དང་མཐར་ཐུག་གི་བསྒྲུབ་བྱ་ངེས་ལེགས་གཉིས་སུ་འདུས་ཤིང་། དེ་གཉིས་སྒྲུབ་བྱེད་ཀྱི་རྒྱུའི་གཙོ་བོ་ཡང་གཉིས་ཏེ་ལས་འབྲས་ལ་ཡིད་ཆེས་པའི་དད་པ་དང་བདག་མེད་ཀྱི་དོན་རྟོགས་པའི་ཤེས་རབ་བོ། དེ་གཉིས་ལས་ཤེས་རབ་གཙོ་ཆེ་མོད་ཀྱང་སྔོན་དུ་གལ་ཆེ་བ་དད་པ་ཉིད་ཡིན་ནོ། །དེས་ན་ལས་འབྲས་ལ་ཡིད་ཆེས་པའི་དབང་དུ་བྱས་ནས་སྐྱེ་བ་སྔ་ཕྱི་ཡོད་པའི་ཤེས་བྱེད་ཀྱི་ཁུངས་འགོད་པ་དང་སྒྲུབ་བྱེད་ཀྱི་རིགས་པ་ཅུང་ཟད་སྤྲོས་ན། མདོ་ལས། རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་ནས་ཕ་རོལ་དུ་འཕོ་སྟེ་སྐྱེ་བ་ལེན་པ་ན་རྟག་པ་འཕོ་བ་ཡང་མ་ཡིན་ནོ། ། ཞེས་གསུངས་པ་ལྟར་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་ན་མངོན་མཐོ་དང་ངེས་ ལེགས་ཀྱི་ཐབས་སྟོན་པ་ཤ་སྟག་ཡིན་པས་སྐྱེ་བ་སྔ་ཕྱི་མེད་ན་དེ་གཉིས་ཀྱི་གཞི་ རྟེན་མེད་པ་ཡིན། དེས་ན་སྐྱེ་བ་སྔ་མ་སྒྲུབ་བྱེད་ཀྱི་རིགས་པ་ལ་བཞི་སྟེ། རིགས་འདྲ་སྔོན་སོང་གིས་སྒྲུབ་པ། ཉེར་ལེན་སྔོན་སོང་གིས་སྒྲུབ་པ། གོམས་པ་སྔོན་སོང་གིས་སྒྲུབ་པ། མྱོང་བ་སྔོན་སོང་གིས་སྒྲུབ་པའོ། །དང་པོ་ནི། ཚད་མ་རྣམ་འགྲེལ་ལས། སྐྱེ་བ་ཡོངས་སུ་ལེན་པ་ན།།འབྱུང་རྔུབ་དབང་པོ་བློ་དག་ནི།།རང་གི་རིགས་ལ་ལྟོས་མེད་ཅན།།ལུས་ཉིད་འབའ་ཞིག་ལས་སྐྱེ་མིན།།ཞེས་གསུངས་ལྟར། སྐྱེས་མ་ཐག་པའི་བྱིས་པས་དབུགས་འབྱུང་རྔུབ་སོགས་རང་གི་རིགས་འདྲ་སྔོན་དུ་སོང་བ་ལ་ལྟོས་བ་མེད་པར་དབུགས་འབྱུང་རྔུབ་སོགས་དེ་དག་ལུས་འབའ་ཞིག་ལས་སྐྱེས་པ་ཡིན་ན། མི་མཐུན་པའི་རྒྱུ་ལས་སྐྱེ་བར་སོང་བས་ཧ་ཅང་ཐལ་བ་དང་། དེའི་ཕྱིར་དེ་དག་རང་རང་གི་རིགས་འདྲ་སྔ་མ་ཞིག་བཞག་དགོས་ན་ཚེ་སྔ་མའི་གང་ཟག་གི་རྒྱུད་ལ་བཞག་དགོས་པའི་གནད་ཀྱིས་ཡིན། སློབ་དཔོན་དཔའ་བོས། སྔ་མའི་བློ་ལས་ཕྱི་མའི་བློ་གྲུབ་ན།།འཇིག་རྟེན་ཕ་རོལ་ཡོད་པར་དེ་ལས་མངོན།།མངལ་ན་འདུག་པའི་སྔོན་རོལ་བློ་དེ་ནི།།དེ་མ་ཐག་པའི་ཚེ་རབས་སྔ་མའི་བློ།།ཞེས་དང་། སློབ་དཔོན་ལེགས་ལྡན་གྱིས། མངལ་གནས་སྔོན་རོལ་བློ་ལ་ནི།།མདུན་རོལ་ཁོ་ནར་འགགས་བློ་ཡོད།།ཡང་ན་བློ་ཕྱིར་དེ་འོག་བཞིན།། ཞེས་གསུངས་སོ། །གཉིས་པ་ཉེན་ལེན་སྔོན་སོང་གིས་སྒྲུབ་པ་ནི།  རྣམ་འགྲེལ་ལས། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི།།ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ།།ཞེས་པ་ལྟར་དཔེར་ན།ནས་ཀྱི་མྱུ་གུའི་ཉེར་ལེན་ལ་ནས་ཀྱི་ས་བོན་ཞིག་ངེས་བར་དགོས་པ་ལྟར་རྣམ་ཤེས་ཀྱི་ ཉེར་ལེན་ལ་རྣམ་ཤེས་ཀྱི་རྒྱུན་སྔ་མ་ཞིག་ངེས་བར་དགོས་པས་ཚེ་འདིའི་ཐོག་མའི་ རྣམ་ཤེས་ཀྱི་ཉེར་ལེན་ལའང་རྣམ་ཤེས་ཀྱི་རྒྱུན་སྔ་མ་ཞིག་ཡོད་དགོས། དེ་ཡོད་ན་སྐྱེ་བ་སྔ་མ་ཡོད་དགོས་པའི་རྒྱུ་མཚན་སྔར་ལྟར་རོ། །སློབ་དཔོན་ཞི་འཚོས། དེ་ཕྱིར་ཐོག་མའི་རྣམ་ཤེས་ནི།།རང་གི་ཉེར་ལེན་སྟོབས་ལས་བྱུང་།།ཞེས་གསུངས་པ་ལྟར་རོ། །གསུམ་པ་གོམས་པ་སྔོན་སོང་གིས་སྒྲུབ་པ་ནི། རྣམ་འགྲེལ་ལས། གོམས་ལས་འདོད་ཆགས་སོགས་གསལ་བར།།མཐོང་ཕྱིར་འདོད་རྒྱལ་ཉིད་མིན་ཏེ།།རྒྱུ་མེད་སྐྱེ་ བ་འགལ་ཕྱིར་རོ།།ཞེས་པ་ལྟར་རང་རྒྱུད་ལ་ཡོད་པའི་ཆགས་སྡང་སོགས་གོམས་པའི་རྗེས་སུ་འབྲངས་བར་མྱོང་བས་གྲུབ་པ་དཔེར་བྱས་ནས། བློ་ཐམས་ཅད་གོམས་པའི་རྗེས་སུ་བྱེད་པར་གསུངས་སོ། ། བཙས་མ་ཐག་པའི་བྱིས་པས་ནུ་ཞོ་འཐུང་ཤེས་པ་སོགས་ཚེ་འདིར་གསར་དུ་བསླབ་མི་དགོས་པར་རང་གི་ངང་གིས་ཤེས་པའི་རིགས་མཐའ་དག་ཚེ་རབས་སྔ་མའི་གོམས་ཤུགས་སུ་ཤེས་བར་ བྱ་བ་གསུངས་སྟེ། སློབ་དཔོན་དཔའ་བོས། བཙས་མ་ཐག་ཏུ་སུས་ཀྱང་མ་བསྟན་པར།།ཁ་ཟས་ཟ་བར་རྩོམ་པར་བྱེད་པ་དང་།།ནུ་ཞོ་འཐུང་བར་རྩོལ་བར་བྱེད་པ་ཡང་།།དེ་དག་ཚེ་རབས་གཞན་ལ་གོམས་པའི་མཐུས།།ཞེས་དང་། སློབ་དཔོན་ལེགས་ལྡན་གྱིས། བེའུ་མང་སྔོན་ཆད་གོམས་བྱས་པས།།བྱུང་མ་ཐག་ཏུ་ཟས་ཚོལ་བྱེད།།ཟས་ཀྱི་དོན་དུ་བསྐྱོད་པའི་ཕྱིར།།དཔེར་ན་དབང་པོ་སྨིན་པ་བཞིན།།ཞེས་སོ། །རང་ཅག་རྣམས་ལ་དགེ་བའི་བསམ་པ་འདོད་ཀྱང་སྐྱེ་དཀའ་བ་དང་ལན་རེ་སྐྱེས་ཡང་རྒྱུན་མི་བརྟན་པ་དེ་ལྟར་ལ། ཆགས་སོགས་མི་དགེ་བའི་བསམ་པ་བཀག་ཀྱང་མི་ཁོགས་པར་ངམ་ངམ་ཤུགས་ཀྱིས་སྐྱེས་འོངས་ཤིང་སྐྱེས་པ་དེ་ཡང་ཡུན་རིང་ལ་ཤུགས་དྲག་པོ་སྐྱེ་བ་མྱོང་བས་གྲུབ་པ་དེ་ལྟར་རོ། །བཞི་པ་མྱོང་བ་སྔོན་སོང་གིས་སྒྲུབ་པ་ནི། སྐྱེས་རབས་ལས། བསམ་གཏན་གོམས་བྱས་དྲན་པ་གསལ་བ་ཡིས།།ཚེ་རབས་སྔ་མ་དྲན་པའང་དེ་ན་ཡོད།།འཇིག་རྟེན་ཕ་རོལ་དེ་ལས་རྗེས་སུ་དཔོག །ཞེས་པ་ལྟར་ཇི་སྐད་བཤད་པའི་རིགས་པ་རྣམས་ཀྱིས་ཚེ་སྔ་མ་ཡོད་པར་གྲུབ་ཅིང་དེ་གྲུབ་པ་ན་ཚེ་ཕྱི་མ་ཡོད་པར་ཡང་དོན་གྱིས་གྲུབ་སྟེ། ཚེ་སྔ་མ་ནས་འདིར་འོངས་ཤིང་འདི་ནས་ཕྱི་མར་མི་འགྲོ་བའི་རྒྱུ་མཚན་བཤད་དུ་མེད་པའི་གནད་ཀྱིས་སོ། ། རྣམ་འགྲེལ་ལས། མཚམས་སྦྱོར་བར།།ནུས་ལྡན་མཐོང་བ་གང་དེ་ལ།།ཅི་ཞིག་ཡོད་གྱུར་གང་མེད་པ།།གང་གིས་ཕྱི་ནས་མཚམས་སྦྱོར་མེད།།ཅེས་པ་སྦྱོར་ངག་ཏུ་བཀོད་ན། ཚེ་འདིའི་རིག་རྒྱུན་ཐ་མ་ཆོས་ཅན། རིག་པ་ཕྱི་མར་མཚམས་སྦྱོར་ཏེ། ཆགས་བཅས་ཀྱི་རིག་པ་ཡིན་པའི་ཕྱིར། ཞེས་པའོ། །སློབ་དཔོན་ཞི་བ་འཚོས། འཆི་ཁའི་སྐད་ཅིག་རྣམ་ཤེས་ནི།།རང་གི་ཉེར་ལེན་སྐྱེད་ནུས་ཏེ།།ཆགས་པ་བྱས་པའི་འབྲེལ་བ་ཉིད།།སྔོན་གྱི་རྣམ་པར་ཤེས་པ་བཞིན།།ཞེས་གསུངས། ཚེ་སྔ་མ་ཡོད་པར་བསྒྲུབ་པའི་རིགས་པ་བཞི་ནི་འབྲས་རྟགས་དང་ཕྱི་མ་ཡོད་པར་བསྒྲུབ་པའི་རིགས་པ་གཅིག་ནི་རང་བཞིན་གྱི་རྟགས་ཏེ་སློབ་དཔོན་ཀ་མ་ལ་ཤཱི་ལའི་དགོངས་པ་ཡིན་པ་དང་རྟགས་ཡང་དག་ཡིན་མིན་དཔྱོད་ཚུལ་མང་། །སྔ་མའི་རྣམ་ཤེས་ཕྱི་མའི་རྣམ་ཤེས་སུ་ཉིང་མཚམས་ཇི་ལྟར་སྦྱོར་བ་ནི། བླ་མའི་ཁ་ཏོན་སློབ་མས་ཤེས་པའི་དཔེ་ལྟར་དང་། ཉིང་མཚམས་སྦྱོར་བ་རྟག་ཆད་དུ་མི་འགྱུར་བ་ནི། མར་མེ་གཅིག་ལས་གཉིས་པར་ཆད་པའི་དཔེ་ལྟར་དང་། སྔ་མ་ཡོད་པའི་སྒོ་ནས་ཕྱི་མའང་ཡོད་པ་ནི། མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་འབྱུང་བའི་དཔེ་ལྟར་དང་། ལས་བཟང་ངན་ཇི་ལྟར་བསགས་པ་དང་མཐུན་པར་སྐྱེ་བ་ལེན་པ་ནི། རྒྱ་ལ་ཡོད་པའི་རི་མོ་ཇི་འདྲ་བ་བཞིན་རྒྱའི་འབུར་ལ་འབྱུང་བའི་དཔེ་ལྟར་དང་། རིས་མི་མཐུན་པ་ནས་རིས་མི་མཐུན་པར་སྐྱེ་བ་ལེན་པ་ནི། མེ་ཤེལ་ལས་མེ་འབྱུང་བའི་དཔེ་ལྟར་དང་། སྐྱེ་བ་ཕྱི་མ་ལེན་དུས་སྔ་མའི་གང་ཟག་འགགས་ནས་མེད་ཀྱང་རྒྱུན་ཆད་དུ་མི་འགྲོ་བ་ནི། མྱུ་གུ་སྐྱེས་ཚེ་ས་བོན་འགགས་ནས་མེད་ཀྱང་རྒྱུན་ཆད་དུ་མི་འགྲོ་བའི་དཔེ་ལྟར་དང་། སྐྱེ་བ་ལེན་དུས་སྐྱེད་བྱེད་ཀྱི་ལས་འགགས་ནས་མེད་ཀྱང་དེ་ལ་བརྟེན་ནས་སྐྱེ་བ་ལེན་པ་མི་འགལ་བ་ནི། སྐྱུར་མོ་མྱོང་ཟིན་མ་བརྗེད་པའི་མི་ལ་སྐྱུར་མོ་ཞེས་བརྗོད་ན་ད་ལྟ་ཁ་ནང་སྐྱུར་མོ་མེད་ཀྱང་འགྲམ་ཆུ་ལྡང་བ་མི་འགལ་བའི་དཔེ་ལྟར་དང་།  ལས་ཉོན་སོགས་ཀྱི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་ཙམ་ལ་བརྟེན་ནས་སྐྱེ་བ་ལེན་ཀྱང་དོན་དམ་པར་གཅིག་ཐ་དད་གང་དུའང་མེད་པར་བསྟན་པ་ནི། མིས་བརྗོད་པའི་སྒྲ་ལས་བྲག་ཅ་འབྱུང་ཡང་དཔྱད་ན་མི་བརྙེད་པའི་དཔེ་ལྟར་རོ། །སེམས་ཅན་རྣམས་ཀྱིས་སྐྱེ་བ་ཇི་ལྟར་ལེན་པའི་ཚུལ་བཅོམ་ལྡན་འདས་ཀྱིས་དཔེ་བརྒྱད་དང་སྦྱར་ནས་གསུངས་པ་ནི་སྐྱེ་བ་སྔ་ཕྱི་གོ་བྱེད་ཀྱི་དཔེ་མཚོན་ཡིན། གཞན་ཡང་ཡིད་ཆེས་པའི་ལོ་རྒྱུས་ཀྱི་སྒོ་ནས་ཀྱང་ཤེས་དགོས་ཏེ། བདག་ ཅག་གི་སྟོན་པ་སྔོན་སློབ་པ་ལམ་གྱི་དུས་སུ་དག་མ་དག་གི་སྐུའི་སྐྱེ་བ་ཇི་ལྟར་བཞེས་པ་དང་དེ་བཞིན་སངས་རྒྱས་བྱང་སེམས་རྣམས་ཀྱི་འཁྲུངས་རབས་ལས་བརྩམས་པའི་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་སྦྱར་ཆོག་ལ། དེར་མ་ཟད་མཁས་གྲུབ་གོང་མ་རྣམས་ཀྱིས་ཚེ་རབས་སྔ་ཕྱི་གསལ་བར་དྲན་པའི་རྣམ་ཐར་མཐའ་ཡས་པ་དང་། གང་ཟག་འགའ་ཞིག་ཤི་ནས་འདྲེར་སྐྱེས་སོ་བྱ་བ་ལ་སོགས་པའི་གཏམ་རྒྱུད་ཀྱང་སྦྱར་རུང་བས་དེང་སང་གི་དུས་སུའང་སྐྱེ་བ་སྔ་མ་དྲན་མཁན་མང་པོ་ཡོད་པ་གོ་དགོས་པ་ཡིན། ཚེ་སྔ་ཕྱི་ལ་ཡིད་ཆེས་བྱེད་པ་བྱུང་ན་ལས་འབྲས་ལ་བླང་དོར་ཚུལ་བཞིན་བྱེད་པ་འོངས་ལ། དེ་ལྟར་མ་ཡིན་ན་ཕྱི་མའི་དོན་གཉེར་ཙམ་ཡང་མི་སྐྱེ་བས་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་ངེས་ལེགས་ཐར་བ་བསྒྲུབ་པ་ལྟ་ཅི་སྨོས།  མཁས་གྲུབ་དགེ་ལེགས་དཔལ་བཟང་གིས། ཇི་སྲིད་སྐྱེ་བ་སྔ་ཕྱི་ཡོད་པར་རིགས་སྟོབས་ཀྱིས་མ་ངེས་པ་དེ་སྲིད་དུ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ལམ་ཐམས་ཅད་ཀྱི་སྒོ་འགགས་ཏེ་འདུག་པ་ཡིན་ནོ། ཞེས་གསུངས་སོ། །རྒྱང་འཕེན་པས་སྐྱེ་བ་སྔ་ཕྱི་མི་འཐད་དེ། བློ་ལུས་ལ་བརྟེན་ཚུལ་ནི་དཔེར་ན་སྒྲོན་མེ་ལ་སྒྲོན་འོད་ལྟར་སེམས་ནི་ལུས་ལ་འབྲས་བུའི་ཚུལ་དུ་བརྟེན་པ་དང་། མེ་ལ་ཚ་བ་ལྟར་བདག་ཉིད་ཀྱི་ཚུལ་དུ་བརྟེན་པ་དང་། རྩིག་པ་ལ་རི་མོ་ལྟར་ཡོན་ཏན་གྱི་ཚུལ་དུ་བརྟེན་པར་བཤད་ནས། སེམས་ཀྱང་ལུས་ལ་བརྟེན་ཏེ་གནས་པས་ལུས་ཞིག་ནས་རྒྱུན་ཆད་པ་ཉིད་ཀྱིས་སེམས་ཀྱང་ཞིག་ནས་རྒྱུན་ཆད་པར་འདོད་པ་ཡིན་པའི་ཕྱིར། རྒྱང་འཕེན་པས་བློ་ལུས་ལ་བརྟེན་པར་འདོད་པ་མི་འཐད་དེ། སྒྲོན་མེའི་འོད་ཀྱི་འཕེལ་འགྲིབ་སྒྲོན་མེའི་རྗེས་སུ་བྱེད་པ་ལྟར་བློའི་འཕེལ་འགྲིབ་ཀྱང་ལུས་ཀྱི་རྗེས་སུ་བྱེད་པར་འདོད་པས་མི་འཐད། ཚ་བ་མེ་དང་འབྲལ་མི་རུང་གི་བདག་ཉིད་ཡིན་པ་ལྟར་སེམས་ནི་ལུས་དང་འབྲལ་མི་རུང་གི་བདག་ཉིད་དུ་འགྱུར་བས། དེ་ལྟར་ན་ཤི་བའི་ལུས་ལའང་སེམས་ཡོད་པར་ཁས་ལེན་དགོས་བས་མི་འཐད། དེ་ལྟར་སེམས་ནི་ནམ་མཁའ་ཇི་སྲིད་དུ་རྒྱུན་མཐུད་དེ་འགྲོ་བས་ན་ལུས་ལྡོག་པས་སེམས་ལྡོག་པས་གོ་མི་ཆོད་པ་ཡིན་པའི་ཕྱིར།