ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > འཕྲིན་གསར།

ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་ཐུགས་ལ་བྱང་ཆུབ་ཀྱི་སེམས་འཁྲུངས་སའི་གནས་མཆོག<འབྲུ་གུ་ཅུང་རྡོ་ཁང་།>

སྤེལ་དུས། 2018-10-26 10:17:38  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

 སེ་ཀུ་བྱ་ཁྱུང་དང་།  འབྲུ་གུ་ཅུང་རྡོ་ཁང་།   

      ༡   རེབ་གོང་ཡུལ་ལྷའི་རྒྱལ་བོ་སེ་ཀུ་བྱ་ཁྱུང་ནི།  རེབ་གོང་རྫོང་གཉན་ཐོག་ཞང་དང་།  ཉ་ལུང་ཞང་།  བློན་ཆོས་ཞང་གསུམ་གྱི་འབྲེལ་མཚམས་སུ་ཆགས་ཡོད།  རི་བོ་འདི་ནི།   རོང་བོ་དགོན་ཆེན་གྱི་རྒྱབ་རིའི་ཚུལ་དུ་གནས་ཤིང་།  རི་རྒྱལ་གྱི་དབུ་རྩེ་ཁྱུང་གི་རྭ་རྩེ་རང་བྱུང་དུ་ཡོད་ལ།  ཆགས་དབྱིབས་འདབ་ཆགས་ཀྱི་རྒྱལ་བོ་བྱ་ཁྱུང་ལ་དཔེ་བྱས་ཏེ་བྱ་ཁྱུང་རི་བོ་ཞེས་འབོད།  རི་བོའི་མཐོ་ཚད་ལ་མཚོ་ངོས་ལས་སྨི ༤༧༦༨  ཡོད།  སེ་ཀུ་བྱ་ཁྱུང་གི་ཁོར་ཡུག་ཏུ་སྤང་ནགས་མཚོ་གསུམ་དང་།  རྟ་ནོར་ལུག་གསུམ་སོགས་ཀྱིས་མཛེས་སྡུག་བཀྲ་ཞིང་།  རི་སྐྱེས་སྲོག་ཆགས་དང་།  དབྱར་རྩྭ་དགུན་འབུ་སོགས་སྨན་སྣ་རྩ་ཆེན་གྱིས་ཁྱབ་ཡོད།   ཨ་མྱེས་བྱ་ཁྱུང་ནི་རེབ་གོང་གི་སྤྱི་ལྷ་དང་།  ཡུལ་ཚོ་མང་དག་ཅིག་གིས་གཞི་བདག་གཙོ་བོ་ཡིན་པས།  ལབ་ཙེ་བསྟོད་པ་དང་།  གཏེར་འབུལ་བ།  ལྷ་བསང་གཏོང་བ་སོགས་མཆོད་བཀུར་གྱི་ཆོ་ག་མང་དུ་བྱེད་སྲོལ་ཡོད།  

    ༢  འབྲུ་གུ་ཅུང་རྡོ་ཁང་ནི།  རེབ་གོང་གི་ཡུལ་ལྷའི་རྒྱལ་བོ་སེ་ཀུ་བྱ་ཁྱུང་གི་རྫ་རིའི་གཡོན་ཕྱོགས་སུ་ཡོད།  མིང་གཞན་དུ་འབྲུ་གུ་ཅུང་རྡོ་ཁང་རང་བྱོན་ཡང་ཟེར།  གནས་འདི་ནི་ཡབ་རྗེ་སྐལ་ལྡན་རས་པའི་ཐུགས་རྒྱུད་ལ་བྱང་ཆུབ་ཀྱི་སེམས་འཁྲུངས་ས་དང་།        ཁོང་གི་ཐུགས་སྲས་བྲག་དཀར་སྔགས་རམས་པ་བློ་བཟང་བསྟན་པ་རབ་རྒྱས་ལ་ལྕགས་མཁར་དང་འཕྲུལ་འཁོར་སོགས་ཀྱི་མན་ངག་གནང་ཞིང་།  ཐིག་བསླབས་པའི་རྡོ་སྟེགས་ཀྱི་ཕ་བོང་ཡང་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད།     

   ༣   ཡབ་རྗེ་བླ་མའི་རྡོ་ཁང་གི་འགབ་ཏུ།  བྲག་དཀར་སྔགས་རམས་པའི་བསྙེན་སྒྲུབ་གནང་སའི་རྡོ་ཁང་ཡོད་ལ།   རྡོ་ཁང་གི་ཟུར་དུ་ཁོང་གིས་རྔ་ཏེའུ་འགལ་ས་རྡོ་ལ་བུ་ག་བརྟོལ་ཤུལ་སོགས་ཡོད།    

  ༤   འདི་དང་ཉེ་བ་ན།  ལྷ་རྗེ་བྲག་སྣ་བས་རོང་བོ་བློན་ཆོས་ནས་གནས་གཞི་འཛིན་སྐབས་བཞུགས་མྱོང་བའི་རང་བྱུང་ཆུ་ཚན་ཡང་ཡོད།