ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > འཕྲིན་གསར།

འབྲུ་གུ་ཅུང་རྡོ་ཁང་ནས་ཡབ་རྗེ་བླ་མ་དྲན་པ།

སྤེལ་དུས། 2018-10-29 23:11:04  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

                                                  ཕ་ལམ།

དེ་རིང་བྱ་ཁྱུང་ལྷུན་པོའི་རི་ཟོམ་ནས།།

སངས་རྒྱས་རློན་པ་ཞིག་གི་ཞབས་རྗེས་ཀྱི།།

ས་ནག་སྤར་འཛིན་བྱས་ཏེ་བྲང་གཞུང་ལ།།

ཡང་ཡང་བརླན་ནས་མིག་ཆུ་ས་ལ་འཐོར།།


 

ཁྱུང་གི་རྭ་ཟུང་གདེངས་པའི་དབུ་རྩེ་ལས།།

སྤྲིན་དཀར་དུམ་གཅིག་ཐོལ་གྱིས་ཆད་པ་ནི།།

ང་ཡི་བླ་མ་སྐལ་ལྡན་རས་པ་དེ།།

མདུན་དུ་བྱོན་པའི་སྣང་བ་བན་བུན་ཤར།།


 

དམ་པ་ཁྱེད་ནི་ཐོས་དོན་ཉམས་ལེན་ཕྱིར།།

དབེན་གསུམ་དོན་གྱིས་འགྲིམས་པའི་རི་བ་སྟེ།

སྐུ་ཚེ་རི་ལ་བསྟིམས་པའི་མགུར་དབྱངས་པ།།

ངོམ་དུ་རི་བའི་རི་བ་མཆོག་ཏུ་བསྔགས།།


 

འབྲི་གུ་ཅུང་གི་རྡོ་ཡི་ཕ་བོང་འོག།

བྱིན་རླབས་ཚན་ཁ་འབར་བའི་གུར་ཁྱིམ་ན།།

གོར་མ་གདན་དུ་བཏིང་བའི་རྡོ་ལེབ་སྟེང་།།

སྐྱེས་ཆེན་ཞིག་གི་བྱང་ཆུབ་སེམས་པ་ཡོད།།


 

ཁྱེད་ཀྱི་གྲེ་འགྱུར་མགུར་རྟ་བཅོ་བརྒྱད་ཀྱིས།།

གདུལ་བྱ་སྨིན་གྲོལ་བཀོད་པའི་མཛད་རྣམ་ལ།།

དུངས་ཏེ་བྱ་ཁྱུང་རྫ་རི་སྨུག་པོ་ཡང་།།

ངུས་ཏེ་དད་པའི་མཆི་མ་ལྷུང་ལྷུང་ཟགས།།


 

ཞབས་ཟུང་བཀོད་པའི་རྡོ་དང་རྩྭ་ཕྲན་ཡང་།།

འདི་ན་ད་དུང་མགུར་གླུ་ཐན་ཐུན་རྒུམ་།།

རྫ་ཆུ་དྭངས་མོ་དེ་ཡང་བརྣངས་བྱས་ཏེ།།

ཁྱེད་ཉིད་དྲན་པའི་སྐྱོ་གླུ་ཤུབ་བུར་བཟློ།།


 

ཁྱེད་ལ་འཁོར་དང་སྐུ་གཡོག་ཞབས་ཞུ་མེད།།

ལྟོ་སྐྱ་གོས་ཧྲུལ་བེར་གའི་ཕྱག་རྟེན་ལ།།

ཁེན་ཏེ་རི་བརྒྱ་ལུང་བརྒྱའི་རྡོ་ཕུག་ལ།།

སྒལ་ཚིགས་སྦྱར་ཏེ་གཅིག་ཏུ་ཆོས་ལ་དམར།།


 

ཆེན་པོར་གྱུར་ཀྱང་སྒྲུབ་ཚུགས་མ་ཤོར་བར།།

གཏད་པ་བཞི་དང་བུད་སྙེག་འཐོབ་གསུམ་ཀྱིས།།

དཀའ་སྤྱད་བདག་གིར་བཞེས་པ་ཁྱེད་འདྲ་བ།།

དུས་ཀྱི་མཐའ་ལ་ཉིན་སྐར་ལས་ཀྱང་དཀོན།།


 

ཁྱེད་ནི་གར་འགྲོ་གང་ན་བཞུགས་ཀྱང་རུང་།།

འདོད་ཡོན་བྱ་རྒོད་བཞིན་དུ་འཐིབས་ན་ཡང་།།

ཞེན་པ་མི་རོ་བཞིན་དུ་སྐྱུགས་མེར་བ།།

གང་ནས་དཔྱད་ཀྱང་ཁྱེད་ཉིད་ཁོ་ན་ངེས།།


 

མི་ལས་རྐྱེན་ངན་གྲོགས་ཤར་རི་བ་གནང་།།

ཁྱེད་ནི་འབྱོར་ཡང་ཤ་རུས་རི་ལ་བསྟིམས།།

ལྕགས་ཀྱི་མི་ལ་ཟངས་ཀྱི་སྙིང་བོ་ཆེ།།

ཡོད་ཅེས་ཆོ་ལོ་དོན་གྱིས་ཁྱེད་ལ་མཛའ།།


 

རྡོ་དང་རྡེའུ་ཇི་སྙེད་འཁོར་མ་ཡིན།།

འདབ་ཆགས་རི་སྐྱེས་ཚོགས་ཀྱང་བུ་སློབ་མིན།།

འོན་ཏང་ཁྱེད་ནི་ཚོགས་དྲུག་རང་གྲོལ་ཏེ།།

རྡོ་ཡི་ཕུག་ན་དགའ་སྤྲོའི་རྐན་སྒྲ་འཆོར།།


 

བླ་གཟུགས་ཕལ་ཆེར་བྱི་ལ་གཉིད་ཤོར་ལྟར།།

བསམ་རྒྱུ་བྱེའུ་ལས་གཞན་ཡོད་མ་ཡིན།།

ཁྱེད་ཀྱིས་ཤ་རུས་རྡོ་ཐུག་རྣལ་འབྱོར་གྱིས།།

རྟེན་འབྱུང་ལྟ་བ་འཚོལ་ལ་གཅིག་ཏུ་དཔའ།།


 

སྒྲ་སྐད་ཆེ་ཞིང་གྲོ་ཕྱེ་མི་ཞིབ་པའི།།

ཤིང་གི་རང་འཐག་ལྟ་བུའི་ཆོས་པ་དག།

ཁྱེད་ཀྱི་སྐུ་ཡོན་ཕྲ་མོའི་མེ་སྟག་གིས།།

རྩྭ་ཕུང་རི་རབ་ཙམ་ཞིག་བསྲེགས་པ་མང་།།


 

ལྔ་བདོའི་དུག་མཚོ་ཁོལ་བའི་དུས་མཐའ་ན།།

བླ་མ་མཁན་པོ་དགེ་བཤེས་ཚུལ་བཟུང་སྟེ།།

རྒྱལ་བསྟན་རྨང་ནས་དཀྲུགས་པ་མང་མཐོང་ཚེ།།

ཉི་མ་རང་ཤར་བླ་མའི་མཛད་རྣམ་དྲན།།


 

སྙིགས་དུས་རུ་བ་ཞབས་ཀྱུའི་རུ་བ་སྟེ།།

ངེས་དོན་དམ་པ་གི་གུའི་རི་བ་ཞེས།།

གསུང་གི་མགུར་འབུམ་ཡིག་འབྲུ་རེ་རེ་ལས།།

མི་འགྱུར་རྡོ་རྗེ་ཚིག་གི་གད་རྒྱངས་སྒྲོགས།།


 

ཁྱེད་ནི་རིག་འབྱུང་ཞིང་གི་བུ་རྒོད་ཅེས།།

བསྔགས་པ་དོན་ལྡན་ཡབ་རྗེ་བླ་མ་ཁྱེད།།

རྩ་བའི་བླ་མ་གཙུག་གི་སྙིང་ནོར་བུ་ལ།།

འཛིན་པ་འདི་ཡང་བདག་ཅག་སྐལ་བ་བཟང་།།


 

དེང་ནས་བཟུང་སྟེ་ཚེ་ཚེ་རབས་རབས་སུ།།

ཁྱེད་ཀྱི་ཆོས་རྒྱུན་གསེར་གྱི་ཐག་པ་ལ།།

འཇུས་ཏེ་ས་ལམ་རྟོགས་པ་མཐར་ཕྱིན་ནས།།

སྐུ་གསུམ་གསེར་གྱི་ཁང་བཟང་བགྲོད་ཅིག་གུ།  

  ༢༠༡༨  ལོའི་ཟླ  ༩  ཚེས  ༢༢  ལྷ་བབས་དུས་ཆེན་ཉིན་བྲིས་པ་དགེ།