ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > འཕྲིན་གསར།

འཛམ་གླིང་གི་དགེ་རྒན་རྩེ་གྲ་བཞི་བཅུས་སློབ་ཁྲིད་ལ་བཏོན་པའི་དགོངས་འཆར།

སྤེལ་དུས། 2018-11-16 14:30:07  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

འཛམ་གླིང་གི་དགེ་རྒན་རྩེ་གྲ་བཞི་བཅུས་སློབ་ཁྲིད་ལ་བཏོན་པའི་དགོངས་འཆར།

  འཇང་འབྲུག་དང་ཐེ་རྐྱང་ཉག་ཕྲན།  སྒྲོལ་དཀར་ཚེ་རིང་གསུམ་གྱིས་བསྒྱུར།  

དགེ་རྒན་བཟང་བོ་ཞིག་གི་ཚད་གཞི་ནི་ཁྱིམ་བདག་དང་འདྲ་བའི་ལས་འགན་བརྩི་སྲུང་བྱེད་རྒྱུ་དང་། ཚད་ངེས་ཅན་ཞིག་ཏུ་ཁོང་རང་ཉིད་ཀྱང་བྱིས་པར་གྱུར་ནས་བྱིས་པ་གཞན་རྣམས་རང་གི་ཉེ་སར་འགུག་དགོས་པ་དེའོ། ། —དབྱི་ལཱ་ཟི་མོ།  

  1 སྤྲོ་སྣང་སྟེར་བ་ནི་ཡིད་དབང་འགུག་པའི་ནུས་པ་ཞིག་ཡིན། 

    དགེ་རྒན་ཞིག་གིས་སྤྲོ་སྣང་སྟེར་ཐུབ་པའི་སྐད་ཆ་བྱང་ཆ་ལྡན་པར་བཀོལ་ཐུབ་ཚེ་དོན་རྣམས་ཞིབ་ཅིང་ཕྲ་བར་བརྗོད་ཐུབ་ལ། གནས་ལུགས་ཟབ་མོ་ཁ་གསལ་གོ་བདེའི་ངང་ངོ་སྤྲོད་ཐུབ་པར་མ་ཟད། བྱུང་རིམ་ཡང་དག་ཅིང་ཡིད་འགུལ་ཐེབས་པའི་ངང་ངོ་སྤྲོད་བྱེད་ཐུབ། སློབ་ཁྲིད་ཁྲོད་དུ་འཕྲད་པའི་གནད་དོན་རྣམས་སྐབས་བསྟུན་ངང་ཡང་དག་པར་ཐག་གཅོད་བྱས་ཏེ་སློབ་མར་བག་ཆགས་ཟབ་མོ་བཞག་ནས་བསླབ་པའི་ལས་ལ་སྤྲོ་བས་འཇུག་པར་བྱེད་ཐུབ།—དབྱི་གྷི་ལེ་ཧྥོ་ནི་སུའུ་ལེན་སྔོན་མའི་ཕུལ་བྱུང་དགེ་རྒན་དང་མིང་དུ་གྲགས་པའི་སྐྱེ་དངོས་རིག་པ་བ། སློབ་གསོ་སྨྲ་བ་བཅས་ཡིན།  

2.འཛུམ་མདངས་ནི་ཤིན་ཏུ་གལ་ཆེའོ། ། 

        ང་ཚོས་སློབ་མར་འཛུམ་མདངས་བསྟན་ན་འཚོ་བས་ཀྱང་སློབ་མ་འཛུམ་གྱིས་འགུག་ལ། སློབ་མས་ཀྱང་འཚོ་བ་འཛུམ་གྱིས་བསུ་ཐུབ། དགེ་རྒན་ལ་མཚོན་ནས་བཤད་ན་འཛུམ་མདངས་ནི་ལོངས་སྤྱོད་ཅིག་དང་བབ་ཆགས་ཀྱི་སྤྱོད་པ་ཞིག བག་ཡངས་ཀྱི་བློ་གྲོས་ཤིག དཀྱེལ་ཡངས་ཀྱི་ཁོག་རྒྱ་ཞིག བདེ་སྐྱིད་ཀྱི་མྱོང་བ་ཞིག སྙན་ངག་ལྟ་བུའི་རོལ་མྱོང་ཞིག་ཡིན་ལ། འཛུམ་མདངས་ནི་སྐུལ་འདེད་ཅིག་དང་སྒུལ་ཤུགས་ཤིག ཐུགས་ཁུར་ཞིག་ཀྱང་ཡིན། དེ་བས་འཛུམ་མདངས་ཧ་ཅང་གལ་ཆེན་ཡིན། འཛུམ་མདངས་ཀྱིས་དགེ་རྒན་གྱི་སློབ་གསོའི་ནུས་པ་ཆེས་བཟང་བའི་ཚད་དུ་སླེབས་པར་བྱེད་ཐུབ།  —དྷེ་ལེ་བྷོ་ལང་ནི་ཨ་རིའི་མེ་སོ་ལི་ཁུལ་གྱི་སྒེར་ཚུགས་མཐོ་རིམ་སློབ་འབྲིང་གི་དབྱིན་ཡིག་དགེ་རྒན་ཞིག་ཡིན། 

  3.སློབ་མ་ཐམས་ཅད་གཅེས་ནོར་དུ་སྒོམ་དགོས། 

    དགེ་རྒན་གྱི་བརྩེ་བ་ནི་སྟོབས་ཤུགས་ཤིག་ཡིན་ལ་ཀུན་སྤྱོད་ཅིག་ཀྱང་ཡིན་པར་མ་ཟད་སློབ་གསོ་ལེགས་འགྲུབ་འབྱུང་བའི་མན་ངག་ཀྱང་ཡིན། གལ་སྲིད་བརྩེ་བ་མེད་སོང་ན་དགེ་རྒན་གྱི་བྱ་བའི་དོན་སྙིང་དང་རིན་ཐང་བོར་བ་རེད། སློབ་གསོའི་བརྩེ་བ་ནི་ཕྱི་ཚུལ་ནས་རབ་ཏུ་མངོན་དགོས་པ་ཞིག་ཀྱང་མ་རེད། གལ་ཏེ་དགེ་རྒན་གྱིས་ནམ་རྒྱུན་འཚོ་བའི་ཁྲོད་དུ་སློབ་མར་བརྩེ་བའི་ས་བོན་གཏོར་ཐུབ་ན་ད་གཟོད་ཆེས་རླབས་ཆེ་བའི་བརྩེ་བ་ནི་ཧ་ཅང་སྤྱིར་བཏང་གི་འཚོ་བ་ལས་བྱུང་ཞིང་ཆེས་ཟབ་པའི་ཡིད་འགུལ་ནི་སྤྱིར་བཏང་གི་སློབ་གསོའི་གོ་རིམ་ལས་ཐེབས་པ་ཤེས་ཐུབ།  —བྷོ་ལེ་ཨིན་ནི་ཨ་རིའི་ཕུལ་བྱུང་དགེ་རྒན་དང་སློབ་གསོ་སྨྲ་བ་དང་སེམས་ཁམས་རིག་པའི་ཤེས་རམས་པ་ཟུང་འཇུག་ཅིག་ཡིན། 

   4.སྤྲོ་སྣང་ལྡན་པའི་དགེ་རྒན་ཞིག་བྱེད་དགོས། 

       དགེ་རྒན་གྱིས་རང་གི་སེམས་ཁམས་ལ་སྙོམས་སྒྲིག་བྱས་ཏེ། བློ་རྒྱ་ཡངས་ཤིང་སྤྲོ་སེམས་ཀྱིས་ཁེངས་པའི་བདེ་ཐང་གི་སེམས་ཁམས་ཀྱིས་སློབ་གསོའི་བྱ་བ་དང་སློབ་མར་གདོང་གཏད་དགོས། དགེ་རྒན་གྱི་བྱ་སྤྱོད་དང་སྨྲ་བརྗོད། ཀུན་སྤྱོད། སེམས་ཁམས་སོགས་ཉི་འོད་ཇི་བཞིན་གཙང་ཞིང་གསལ་ལ་དྲི་མ་དང་བྲལ་བ་ཞིག་ཡིན་ཚེ། སློབ་མས་ད་གཟོད་དུས་དང་གཏན་ཏུ་བརྩེ་བའི་དྲོད་ཁོལ་ཉམས་སུ་མྱོང་ཐུབ།  —སང་ཉི་ནི་ཨོ་སི་ཁྲུ་རི་ཡའི་ཕུལ་བྱུང་དགེ་རྒན་ཞིག་ཡིན།

5.དགེ་རྒན་ལ་བློས་གཏོང་གི་སྙིང་སྟོབས་དང་ལྡན་དགོས། 

       ངས་ནམ་རྒྱུན་རང་ཉིད་ལ་འདི་ལྟར་གསལ་འདེབས་བྱས་པ་ཡིན། ང་ནི་དགེ་རྒན་ཞིག་སྟེ། ངའི་ལས་འགན་ནི་དཔེ་ཁྲིད་བྱས་ནས་མི་གསོ་སྐྱོང་བྱེད་རྒྱུ་དེ་ཡིན། དགེ་རྒན་ཞིག་ཡིན་པའི་ཆ་ནས་ནམ་ཡང་སྦ་གསང་མེད་པར་རང་གི་ནུས་པ་དང་བརྩེ་བ། སྤྲོ་སེམས་དང་ཤེས་ནུས་སོགས་ཕངས་མེད་དུ་སྦྱིན་ཏེ། སློབ་མར་སྔར་ལས་བཟང་བའི་སློབ་གསོ་མྱོང་དུ་བཅུག་ནས་ཤེས་བྱ་དང་བསམ་བློ། ཀུན་སྤྱོད་བཅས་ཀྱི་ཆ་ནས་གྲུབ་འབྲས་བཟང་བོ་འཐོབ་པར་བྱེད་དགོས།  —ཏིང་ཏ་ཝེ་ནི་ཨ་རིའི་འབྲིང་རིམ་ཁྱིམ་ཚང་ནས་ཐོན་པའི་དགེ་རྒན་དཀྱུས་མ་ཞིག་ཡིན་ལ། རང་རྒྱལ་གྱི་ནུབ་བྱང་ས་ཆའི་སློབ་གསོ་ལ་ཤི་འཐམ་རོ་འཐམ་བྱས་ཏེ་བགྲང་བྱ་བཅུ་གཅིག་ཙམ་སོང་ཞིང་། ས་སེར་མཐོ་སྒང་དུ་སློབ་གྲྭ་བཅུ་ལྷག་བཙུགས་ནས་ས་དེའི་སློབ་གསོའི་འཛིན་པ་ལ་ཁ་དོག་བྱུགས།  
 

 6.དགེ་རྒན་ནི་འཁྲབ་བཤད་པ་ཞིག་ཡིན་འོས།

     དགེ་རྒན་ཞིག་ལ་ཕུལ་བྱུང་འཁྲབ་བཤད་པའི་སྨྲ་ལྕེ་ལྡན་ན།དེ་ནི་སློབ་མས་དགའ་བསུ་ཐོབ་པའི་དགེ་རྒན་བཟང་བོ་ཞིག་ཡིན་ངེས་ལ། དེའི་ངར་སེམས་ཀྱིས་སློབ་མར་སྐུལ་སློང་བྱེད་ཐུབ་ལ། སྤྲོ་སེམས་ཀྱིས་སློབ་གསོའི་ཡང་སྙིང་འཚོལ་ནུས་ཤིང་། བསམ་གཞིག་གིས་དངོས་ཐོག་བདེན་འཚོལ་བྱེད་སྤོབས།  —ཨེ་སོ་ཁུ་ལཱ་ཏི་ནི་གནའ་བོའི་གྷི་རི་སིའི་ཕུལ་བྱུང་དགེ་རྒན་ཞིག་དང་སློབ་གསོ་སྨྲ་བ་ཞིག་ཡིན་ལ། ཁོང་གིས་སྔོན་ཆད་རྩོད་གྲྭའི་སློབ་གྲྭ་ཞིག་སྒྲུབ་མྱོང་ལ། དེ་ནི་ནུབ་ཕྱོགས་སློབ་གསོའི་ལོ་རྒྱུས་ཁྲོད་ཀྱི་སློབ་གནས་དང་སློབ་ཡུན་ངེས་གཏན་ཡོད་པའི་སློབ་གྲྭ་དང་པོ་ཡིན།  

 7.རང་ཉིད་ཀྱི་བསམ་བློའི་བར་སྟོང་ཡོད་དགོས། 

        ངས་ཁྲིད་ཞོར་དང་སློབ་ཞོར་བྱས་པ་ཡིན་ཏེ། རྒྱུ་མཚན་སློབ་ལ་བརྩོན་མཁན་ཞིག་ཡིན་ན་དེ་ནི་ཆེས་བཟང་བའི་དགེ་རྒན་ཡང་ཡིན་པ་ངས་གསལ་བོར་ཤེས་ཡོད་པས་ཡིན། ངའི་རེ་བ་ནི་བདག་གི་སློབ་མ་རྣམས་ཀྱིས་དུས་རབས་ཤིག་གི་རྩོམ་རིག་གསར་རྩོམ་ནི་དུས་རབས་དེའི་ལོ་རྒྱུས་དང་རིག་གནས་ཀྱི་ལས་དོན་ཐ་དག་ལ་འབྲེལ་བ་ཟབ་མོ་ཡོད་པ་ངོས་ཟིན་རྒྱུ་དེ་ཡིན།  —ཧྲ་ལོན་ཏི་ལེ་བྷོ་ནི་ཨ་རིའི་ཞིན་ཞིན་ནཱ་ཐེས་གྲོང་ཁྱེར་གྱི་ཞེར་སི་གཞུང་བཙུགས་སློབ་གྲྭའི་ཕུལ་བྱུང་དགེ་རྒན་དང་མིང་དུ་གྲགས་པའི་སློབ་གསོ་སྨྲ་བ་ཞིག་ཡིན།  

 8.རང་ཉིད་ཞིབ་འཇུག་ལ་དགའ་བའི་དགེ་རྒན་ཞིག་ཏུ་འགྱུར་བར་འབད་དགོས། 

     དགེ་རྒན་ཞིག་ཆེད་ལས་ཞིབ་འཇུག་གི་ལམ་དུ་ཞུགས་ཚེ་ད་གཟོད་རང་རྟོགས་ཀྱིས་རང་ཉིད་ཀྱི་སློབ་ཁྲིད་དང་སློབ་མར་དོ་སྣང་བྱེད་ལ། རང་གི་སློབ་ཁྲིད་ལ་གཏིང་ཟབ་པའི་རྒྱུས་ལོན་ཡོད། ཁོས་བྱ་བའི་སྤྲོ་སྣང་རྙེད་ཡོད་པས་སློབ་ཁྲིད་ནི་བྲོ་བ་མེད་པ་དང་སྣ་རྐྱང་ཡིན་པ། གསར་བཏོད་ཀྱི་ནུས་པ་མེད་པའི་འཕྲུལ་ཆས་ཀྱི་ངལ་རྩོལ་ཞིག་ཏུ་སེམས་མི་སྲིད།  —ཝེར་ཧོ་ཝིན་ཉི་ན་ནི་སུའུ་ལེན་སྔོན་མའི་སློབ་ཆུང་དགེ་རྒན་ཞིག་ཡིན། 

  9.དགེ་རྒན་ལགས། ཉིད་ཀྱིས་ཕྱི་ཚུལ་གྱི་མཛེས་པ་ལ་དོ་སྣང་བྱེད་རོགས། 

        དགེ་རྒན་གྱི་བྱ་སྤྱོད་དང་འགྲོ་འདུག་ཐམས་ཅད་ཀྱིས་སློབ་མར་སློབ་གསོའི་བག་ཆགས་འཇོག་བཞིན་ཡོད། དགེ་རྒན་བཟང་བོ་ཞིག་ལ་གཏིང་ཟབ་པའི་ཤེས་བྱ་དགོས་པར་མ་ཟད་ཡང་དག་པའི་མཛེས་འཛིན་གྱི་ལྟ་བ་ཞིག་ཀྱང་ཡོད་དགོས་ཏེ། ཕྱི་ཚུལ་གྱི་མཛེས་པ་ལ་ནམ་ཡང་དང་དོད་བྱེད་འོས། སློབ་མས་དགེ་རྒན་གྱི་ཤེས་བྱར་སློབ་སྦྱོང་བྱེད་པ་མ་ཟད་དགེ་རྒན་གྱི་ཕྱི་ཚུལ་གྱིས་ཀྱང་སློབ་མར་མཛེས་འཛིན་གྱི་ལྟ་བ་གྲུབ་པར་བག་ཆགས་འཇོག་བཞིན་ཡོད།  —པོ་ལོ་ཞོ་ནི་ཨ་རིའི་ཕུལ་བྱུང་དགེ་རྒན་ཞིག་ཡིན་ལ། དགེ་རྒན་གྱི་ལས་སྔོན་གསོ་སྦྱོང་ལ་ཁ་གཏད་པའི་ལས་གཞི-FIRSཡི་འགན་འཛིན་པ་ཡང་ཡིན།  

 10.དགེ་རྒན་གྱིས་ཁ་དན་ཚིག་གནས་བྱེད་པ་ཡིད་ལ་དམ་པོར་ཆོངས། 

        དགེ་རྒན་གྱིས་སློབ་མར་བཞག་པའི་བག་ཆགས་ཟབ་ཤོས་ནི་བྱ་སྤྱོད་ལ་རག་ལས་ཡོད། དེ་ཕྱིར་ང་ཚོ་དགེ་རྒན་ནི་ངེས་པར་ཏུ་ཕྱི་ནང་མེད་པ་ཞིག་ཡིན་དགོས། ཁ་བཤད་དོན་ལ་འབབ་པ་དང་ཁ་དན་ཚིག་ལ་གནས་རྒྱུ་ནི་ཀུན་སྤྱོད་ཅིག་ཡིན། ཁས་བླངས་པའི་དོན་རྣམས་ངེས་པར་སྒྲུབ་དགོས། དགེ་རྒན་ཞིག་ཡིན་ན་ཁ་དན་ཚིག་ལ་གནས་དགོས་པ་ངས་གསལ་བོར་ཤེས་ཡོད། དེ་བས་ང་ངེས་པར་ཏུ་གོག་ནས་ལས་ཞུགས་ལ་འགྲོ་དགོས།—ལའོ་ཁུ་ནི་ཨ་རིའི་སློབ་ཆུང་ཞིག་གི་དགེ་རྒན་དང་སློབ་གཙོ་ཕུལ་དུ་བྱུང་བ་ཞིག་ཡིན།  མཆན། སྤྱི་ལོ༡༩༩༨ལོའི་ཟླ༡༡པའི་ཚེས༩ཉིན་ཨ་རིའི་ཡོག་ཐ་ཁུལ་གྱི་ཐུའར་གྲོང་ཁྱེར་སློབ་ཆུང་གི་སློབ་གཙོ་སྟེ། དགུང་ལོ་ཞེ་གཉིས་ཡིན་པའི་སྐུ་ཞབས་ལའོ་ཁུ་མཆོག་ཁ་བའི་ནང་དུ་སྤྱི་ལེ1.6ལ་དུས་ཚོད་གསུམ་གྱི་ཡུན་དུ་གོག་ནས་ལས་ཞུགས་སུ་སོང་བས་ལམ་འགྲོ་བ་དང་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོའི་གཙི་བཀུར་ཐོབ།     མ་གཞི་སློབ་སྐབས་དེའི་མགོ་བརྩམས་མ་ཐག་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོའི་དཔེ་ཀློག་གི་ངར་སེམས་སློང་ཆེད་སློབ་གཙོ་ལའོ་ཁུ་མཆོག་གིས་སྤྱི་བསྒྲགས་ངང་རྒྱན་བཞག་དོན། གལ་ཏེ་ཁྱེད་ཚོས་ཟླ་བཅུ་གཅིག་པའི་ཚེས་དགུ་ཡི་སྔོན་ལ་དཔེ་ཆ་ཤོག་གྲངས་ཁྲི་བཅོ་ལྔ་ཀློག་ཐུབ་ཚེ། ཚེས་དགུ་ཉིན་ང་གོག་ནས་ལས་ཞུགས་བྱེད་རྒྱུ་ཡིན་ཞེས་པ་དེའོ།  །དགེ་སློབ་ཚང་མས་སྲོག་བསྡོས་ཀྱིས་དཔེ་ཆ་ཀློག་པ་དང་བྱིས་གཉོར་ཁང་གི་སློབ་མ་ཚོ་ཡང་བྱེད་སྒོ་དེར་ཞུགས་ནས་དཔེ་ཀློག་བྱས། མཇུག་མཐར་ཁོ་ཚོས་ཚེས་པ་དགུའི་སྔོན་ལ་དཔེ་ཆ་ཤོག་གྲངས་ཁྲི་བཅོ་ལྔ་ལེགས་པར་ཀློག་གྲུབ་བྱུང་།         ནམ་རྒྱུན་དང་འདྲ་བར་ལའོ་ཁུ་ལགས་ཞོགས་པའི་ཆུ་ཚོད་བདུན་པའི་སྟེང་ཁྱིམ་དང་བྲལ་ཏེ་སློབ་གྲྭར་སོང་མོད། དུས་རྒྱུན་དང་མི་འདྲ་བ་ནི་ཁོང་གིས་འཇེམ་འཁོར་མ་བསྐོར་བར་ཟུག་བཞི་ས་ལ་བཙུགས་ནས་གོག་སྟེ་ལས་ཞུགས་སུ་སོང་། འགྲིམ་འགྲུལ་ལ་ཤུགས་རྐྱེན་མི་ཐེབས་པའི་ཕྱིར་དུ་ཁོང་གཞུང་ལམ་འགྲམ་གྱི་རྩྭ་ཐང་དུ་གོག་ནས་སོང་ལ། རླངས་འཁོར་ལམ་འགྲོ་བ་རྣམས་ཀྱིས་དུང་བརྡ་བརྒྱབ་ནས་ཁོང་ལ་གུས་འདུད་ཞུས་པ་དང་སློབ་མ་རེ་འགའ་སློབ་གཙོ་དང་མཉམ་དུ་གོག་ནས་སོང་། ཆུ་ཚོད་གསུམ་གྱི་རིང་ལ་ལའོ་ཁུ་མཆོག་གིས་ལག་འབོམ་ལྔ་ཐེད་པར་བྱས་ཤིང་པུས་མགོ་ཡང་ནུར་མོད། ཁོང་གཞི་ནས་སློབ་གྲྭར་འབྱོར་སོང་། སྐབས་དེར་དགེ་སློབ་ཡོངས་ཀྱིས་གུས་པར་འོས་པའི་སློབ་གཙོ་འདི་ལ་ཐལ་མོ་སྦྱར་ནས་གུས་འདུད་ཞུས་ཤིང་ཁོང་ས་ནས་ཡར་བཞེངས་སྐབས་སློབ་མ་ཚང་མས་འཚང་ཁ་བརྒྱབ་ནས་འོ་བྱས།  
  

 11 ཉིད་ཀྱི་དུས་ཚོད་ལ་དོ་དམ་མཛད་རོགས། 

       དུས་ཚོད་ནི་ཚེ་སྲོག་ཡིན་པས་དགེ་རྒན་གྱིས་རང་གི་དུས་ཚོད་ལ་དོ་དམ་བྱེད་པ་ནི་མི་གང་མང་ཞིག་གི་ཚེ་སྲོག་ལ་གྲོན་ཆུང་བྱེད་པ་དང་མཚུངས། རང་གི་དུས་ཚོད་ལ་ཚན་རིག་དང་མཐུན་པར་དོ་དམ་ཐུབ་མིན་དང་དུས་ཚོད་བཀོལ་སྤྱོད་ལེགས་པོ་གཏོང་ཐུབ་མིན་ནི་དོ་དམ་པ་ཞིག་གི་བྱ་བའི་གྲུབ་འབྲས་ཀྱི་ཚད་གཞལ་བའི་གཞི་རྩའི་ཚད་གཞི་ཞིག་ཡིན། དུས་ཚོད་ལ་དོ་དམ་བྱེད་པ་དེར་དགེ་རྒན་གྱི་བྱ་བ་དང་སློབ་སྦྱོང་། འཚོ་བ་བཅས་ཀྱི་ཐད་དུ་དམིགས་བསལ་གྱི་དོན་སྙིང་ཡོད།  —པན་ཅེམ་ནི་ཨ་རིའི་ཕུལ་བྱུང་དགེ་རྒན་དང་མིང་གྲགས་ཅན་གྱི་སློབ་གསོ་སྨྲ་བ་ཞིག་ཡིན།  

12.སློབ་མའི་མིང་ཡིད་ལ་ཟུངས་ཤིག 

       གལ་ཏེ་ངའི་རང་ཉིད་ཀྱིས་སློབ་མར་བཅིངས་པའི་བརྩེ་བ་རྣམ་དག་སྟོན་པར་བྱེད་ན། ངེས་པར་ཏུ་ཆེས་ལེགས་པའི་ཐབས་ཀྱིས་དེ་སྟོན་དགོས། ཆེས་ལེགས་པའི་ཐབས་ཟེར་བ་ནི་དེ་འདྲའི་མི་སེམས་སྒུལ་ཐུབ་པ་ཞིག་ཡིན་དགོས་པའི་ངེས་པ་མེད་པར། མང་ཤས་ཤིག་གིས་མཉམ་མི་འཇོག་པའི་སྤྱིར་བཏང་གི་འཚོ་བའི་གྲུ་ཟུར་རེ་རེ་ནས་མངོན་ཐུབ། དེའི་ཁྲོད་དུ་སློབ་སྐབས་གསར་བའི་ཉིན་དང་པོར་སློབ་མ་ཚོས་མིང་ནས་མ་ནོར་བར་འབོད་ཐུབ་པ་དེ་ཡང་འདུ།  —ཨ་མོ་ནཱ་ཧྲི་ཝེ་ལི་ནི་སུའུ་ལེན་སྔོན་མའི་མིང་དུ་གྲགས་པའི་སློབ་གསོ་སྨྲ་བ་དང་སློབ་གསོའི་འབུམ་རམས་པ་ཡིན་ལ། སློབ་ཁྲིད་ཀྱི་ལས་རྐང་དུ་ལོ༢༩ལ་འབད་པ་བྱས། 

 13.སློབ་མའི་ཁྱད་ཆོས་ཞན་ཆ་ལ་མི་བརྩི་རོགས། 

      སློབ་མ་རེ་རེར་རང་གི་ཁྱད་ཆོས་དང་སྒེར་གཤིས་ཡོད་ལ། སློབ་གསོའི་དམིགས་ཡུལ་ཡང་དག་པ་ནི་མི་རེ་རེའི་སྒེར་གཤིས་གསོ་སྐྱོང་བྱེད་རྒྱུ་དེ་ཡིན། དེ་བས་དགེ་རྒན་གྱིས་སློབ་མའི་སྒེར་གཤིས་ལ་གཙི་བཀུར་བྱེད་པ་དང་། ཁོ་ཚོའི་སྤྲོ་སྣང་ཚད་མཐོན་པོས་སྐུལ་འདེད་ཀྱིས་མི་མངོན་པའི་ནུས་པ་སྔོག་འདོན་བྱས་ནས། སློབ་མ་རེ་རེར་རང་གི་སྒེར་གཤིས་ཀྱི་གཟི་འོད་འབར་དུ་འཇུག་དགོས།  —ཏོ་ལོན་སི་སི་ལེ་ཏོན་ནི་ཨ་རིའི་ཕུལ་བྱུང་དགེ་རྒན་དང་སློབ་ཆུང་ཞིག་གི་དབྱིན་ཡིག་དགེ་རྒན་ཡིན།

 14.སློབ་མའི་སེམས་གཏམ་ལ་ཉན་ཤེས་དགོས། 

       དགེ་རྒན་གྱིས་སློབ་མའི་སེམས་གཏམ་ལ་ཉན་ཤེས་ཤིང་བདག་གཞན་མཉམ་བརྗེ་ཡིས་སློབ་མའི་དགའ་སྐྱོ་ཆགས་སྡང་ཉམས་སུ་མྱོང་ཐུབ་ན།  གནད་དོན་ཐག་གཅོད་ཀྱི་དུས་སུ་དགེ་སློབ་འཆམ་མཐུན་གྱི་བདེ་དགའ་ལོངས་སུ་སྤྱོད་ཐུབ། དགེ་རྒན་གྱིས་སློབ་མའི་སེམས་གཏམ་ལ་ཉན་ཤེས་ཚེ་ད་གཟོད་སློབ་མའི་ནང་སེམས་ཀྱི་འཇིག་རྟེན་ལ་རྒྱུས་ལོན་བྱས་ནས་སློབ་མར་ཆེས་བཟང་བའི་སློབ་གསོ་དང་རོགས་སྐྱོར་བྱེད་ཐུབ།  —ཞོ་ལིན་ཙོང་ཙོ་ནི་འཇའ་ཕན་གྱི་ཕུལ་བྱུང་དགེ་རྒན་ཞིག་ཡིན། སྤྱི་ལོ༡༩༣༧ལོར་ཁོས་ཁྱིམ་གྱི་རྒྱུ་ནོར་ཡོད་ཚད་བཀོལ་ནས་སྒོ་འབྱེད་དང་རང་དབང་ལྡན་ལ་གཅུན་སྡོམ་མེད་པའི་སློབ་གྲྭ་ཞིག་སྒྲུབ། ཁོང་གི་སློབ་གསོའི་ལྟ་བ་ནི་ཕྱོགས་གསུམ་ནས་མངོན་ཡོད་དེ། གཅིག་ནི་སློབ་མའི་སེམས་ཁམས་ལ་རྒྱུས་ལོན་དང་རིག་ཤེས་ལ་གཅེས་སྐྱོང་བྱེད་པ། གཉིས་ནི་སློབ་མ་རེ་རེའི་སྒེར་གཤིས་ལ་གཙི་བཀུར་བྱས་ཏེ་གང་ལ་གང་འདུལ་དེ་ལ་དེ་སྟོན་བྱེད་པ། གསུམ་པ་ནི་སློབ་མ་རེ་རེར་ཤ་ཚ་ཞིང་སློབ་མ་རེ་རེའི་འཕེལ་རྒྱས་ལ་འགན་འཁུར་བ་བཅས་སོ། །

15.དགེ་རྒན་གྱིས་སློབ་མར་གཙི་བཀུར་བྱེད་ཤེས་དགོས།

         དགེ་རྒན་གྱིས་སློབ་མར་ཀློག་དང་རྩིས་ཁྲིད་པ་ཙམ་མ་ཡིན་པར་རིག་གནས་ལས་གཞན་པའི་ཤེས་བྱ་མང་པོ་ཁྲིད་ཆོག ང་ཚོར་སློབ་མ་རྣམས་དང་ཉེ་བར་བཅར་ནས་དེ་ཚོ་ལ་སེམས་ཁུར་དང་རྒྱུས་ལོན་བྱས་ཏེ་གཙི་བཀུར་བྱེད་དགོས་པའི་ཀུན་སློང་ཞིག་ཡོད་ཚེ། ཁོ་ཚོའི་རང་གཙིའི་བསམ་པ་ལ་གཙི་བཀུར་བྱེད་ཤེས་ཤིང་། ཁོ་ཚོ་ནི་རང་ལ་ཡིད་ཆེས་ལྡན་ཞིང་རིན་ཐང་ལྡན་པའི་མི་བུ་ཞིག་ཏུ་འགྱུར་ཐུབ་པའི་ཡིད་ཆེས་རྙེད་ཐུབ།—ཐང་མུའུ་སིན་ནི་བྱམས་བརྩེའི་ཁེངས་པའི་ཨ་རིའི་དགེ་རྒན་ཞིག་ཡིན།   
                        
    16.ལྷག་བསམ་རྣམ་དག་གིས་བསྟོད་པ་བྱེད་པ། 

        བསྟོད་པ་ནི་ནམ་ཡང་དགོས་པ་མེད་པ་ཞིག་མ་ཡིན་ལ།  ཁྱད་པར་དུ་གཞན་གྱིས་བསྟོད་པ་བྱས་མ་མྱོང་བའི་སློབ་མ་དེ་དག་ལ་མཚོན་ནས་བཤད་ན། ལྷག་བསམ་རྣམ་དག་གིས་བསྟོད་པ་ཐེངས་ཤིག་ནི་སྐྱོན་བརྗོད་ནན་མོ་ཁྲི་འབུམ་ལས་ཀྱང་བརྒལ་ཡོད།  མཚམས་ལན་རེར་དགེ་རྒན་གྱི་སྐུལ་མ་དང་བསྟོད་པ་ལ་ཡིག་འབྲུ་ཁ་ཤས་ལས་མེད་ཀྱང་།  ཡིག་འབྲུ་དེ་དག་གིས་སློབ་མ་དག་ལ་ཡིད་ཆེས་དང་སྤོབས་པ་འདང་ངེས་ཤིག་སྤྲོད་ངེས་ཡིན།  —པུ་ལའོ་སི་ནི་སུའུ་ལེན་སྔོན་མའི་དགེ་རྒན་ཕུལ་དུ་བྱུང་བ་ཞིག་ཡིན།  

 17.སློབ་མ་དང་མཉམ་དུ་དཔེ་ཀློག་བྱེད་པ། 

     དཔེ་ཀློག་ནི་སློབ་གསོ་ལ་མཚོན་ནས་བཤད་ན་གནད་འགག་རང་བཞིན་གྱི་ནུས་པ་ཆེན་པོ་ཐོན་བཞིན་ཡོད།  གཞུང་ཕྱོགས་ཀྱི་དཔེ་ཀློག་བསླབ་ཚན་ནི་སློབ་མ་དག་གི་དཔེ་ཀློག་ལ་གོམས་ཚད་དང་མྱུར་ཚད་ཇེ་མཐོར་གཏོང་བ་འབའ་ཞིག་ལ་དམིགས་པས། ཁོ་ཚོས་སློབ་མ་དག་ལ་བཏོན་པའི་ཀློག་དེབ་ཏུ་སྤྲོ་སྣང་དང་འགྲན་སློང་གི་རང་བཞིན་དཀོན་པས་སློབ་མ་དག་དེ་ལ་དགའ་བོ་མེད།  དེ་ལ་ངའི་དམིགས་འབེན་ནི་སློབ་མ་དག་ལ་དཔེ་ཀློག་ལས་སྤྲོ་སེམས་ཀྱིས་བརྟས་པར་བྱེད་པ་དེ་ཡིན།  —ལེ་ཧྥུ.ཨེ་སི་ཁེ་སི་ནི་ཨ་རིའི་ལའོ་ཧྲན་ཅི་ཡི་ཧའོ་པ་ཐིའི་སློབ་ཆུང་གི་དགེ་རྒན་ཕུལ་དུ་བྱུང་བ་ཞིག་ཡིན། ཁོང་གི་སློབ་མ་ཚང་མས་ལོ་རིམ་ལྔ་པ་འདོན་པའི་སློབ་ལོ་འདིའི་ནང་ཤིག་སི་ཕེར་གྱི་ཟློས་གར་ལ་ཆ་ཚང་ཞིག་ལ་སློབ་སྦྱོང་དང་འཁྲབ་སྟོན་བྱེད་དགོས་པ་མ་ཟད།  རྒྱལ་ཡོངས་དང་ཐ་ན་རྒྱལ་ཁབ་ཕྱིའི་ཟློས་གར་ཁང་དུ་འཁྲབ་སྟོན་བྱེད་དགོས་པ་ནི་ཀུན་ལ་ཡོངས་སུ་གྲགས།  

18.བྱིས་པ་ཚང་མར་གུ་ཡངས་སྒོམ་པ།

         མཚར་འཛིན་ནི་སློབ་མ་དག་ལ་ལྷན་སྐྱེས་སུ་ཡོད་པའི་གཉུག་གཤིས་ཤིག་ཡིན་ལ།  དེ་ནི་གསར་གཏོད་དང་གསར་སྐྲུན་གྱི་མགོ་རྩོམ་སའང་ཡིན།  བྱིས་པའི་མཚར་འཛིན་གྱི་བློ་ལ་སྲུང་སྐྱོང་བྱ་རྒྱུ་ནི་དགེ་རྒན་གྱི་ལས་འགན་ཡིན། ང་ཚོས་བྱིས་པའི་མཚར་འཛིན་གྱི་བློ་ལ་གུ་ཡངས་དང་ལྡན་པའི་སྒོ་ནས་སྲུང་སྐྱོབ་བྱས་ཏེ།  ཁོ་ཚོར་འབད་པ་བྱ་འོས་ཀྱི་ཁ་ཕྱོགས་ཤིག་བསྟན་ནས། སློབ་མ་ཚང་མར་མདུན་སྐྱོད་ཀྱི་བདེ་སྐྱིད་ཉམས་སུ་མྱོང་བར་བྱེད། དེས་ན་ཁོ་ཚོས་དང་ལེན་དང་གོ་བ་ལེན་ཤེས་པ་མ་ཟད།  ལུས་སེམས་བདེ་ཐང་ཡོང་ངེས།  —ཝེ་ལི་ཏིན་ནི་དབྱིན་ཇིའི་དགེ་རྒན་དང་སློབ་གསོ་ཕུལ་དུ་བྱུང་བ་ཞིག་ཡིན།  

 19.བྱིས་པའི་ལུས་སྟེང་གི་ལེགས་ཆ་འདོན་གང་ཐུབ་བྱེད་པ། 

        ཕྱོགས་གང་ལ་མཚོན་ནའང་དགེ་རྒན་གྱིས་བྱིས་པའི་ལུས་སྟེང་གི་ལེགས་ཆ་འདོན་གང་ཐུབ་བྱེད་ཅིང་།  ཁོ་ཚོར་རང་ལ་ཡིད་ཆེས་ཡོང་བར་སྐུལ་མ་བྱེད་དགོས་པ་མ་ཟད་ཁས་ལེན་ཐོབ་པར་བྱེད་དགོས།  “ལེགས་ཆའི་བྱང་བུའི”ངོས་སུ་སློབ་མ་རེ་རེའི་ལེགས་ཆ་ཕབ་ཅིང་། སློབ་མ་ཚང་མར་དགེ་རྒན་དང་ཉེ་འཁོར་གྱི་སློབ་གྲོགས་དག་གི་གདེང་འཇོག་མཐོང་བར་བྱེད་ཅིང་། མ་གཞི་རང་ཉིད་ལའང་འདི་ལྟ་བུའི་ནུས་པ་མང་པོ་ཡོད་པ་གང་ཞིག་ལ་དེ་དག་འདོན་མ་ཐུབ་པས། ངས་བསྒྲུབ་ཐུབ་པར་ངེས་པའི་རྟོགས་པ་སད་དུ་འཇུག་དགོས།  —ཧེ་ལུན.ཁང་ཨར་སི་ལ་ནི་ཨ་རིའི་གྲངས་རིག་དགེ་རྒན་ཕུལ་དུ་བྱུང་བ་ཞིག་ཡིན།  

 20.བླ་ན་མེད་པའི་སློབ་གསོ་ནི་དགེ་བའི་ཕྱོགས་ལ་རིམ་པར་ཁྲིད་པ་དེ་ཡིན། 

        བྱིས་པ་རེ་རེའི་སེམས་ཀྱི་ཆེས་ཟབ་སར་སྒྲ་སྙན་ཀྱི་རྒྱུད་སྐུད་ཁྱད་པར་བ་རེ་ཡོད་ལ། དེ་ཉིད་དཀྲོལ་ན་འགྱུར་ཁུག་ཁྱད་པར་བ་ཞིག་གྲགས་ཡོང་།  བྱིས་པའི་སེམས་པ་དང་ང་ཚོའི་སྐད་ཆ་གཉིས་ལ་རྟོག་པ་མཐུན་སྣང་ཡོང་བར་བྱེད་པ་ལ། ང་ཚོ་རང་སྟེང་ལ་བྱིས་པའི་སེམས་ཀྱི་རྒྱུད་སྐུད་དང་མཐུན་པར་གནས་པའི་སྒྲ་གདངས་ཤིག་ཡོད་དགོས།  —སུའུ་ཧའོ་མའོ་ལིན་སི་ཁེ་ནི་སུའུ་ལེན་སྔོན་མའི་ཆེས་མིང་དུ་གྲགས་པའི་དགེ་རྒན་དང་སློབ་གསོ་བ་ཕུལ་དུ་བྱུང་བ་ཞིག་ཡིན།                      
                    
    21.སློབ་མའི་རྒྱུགས་འབྲས་ཁོ་ན་གཙིགས་ཆེར་འཛིན་མི་རུང་། 

       སློབ་གཉེར་ནི་འཇིག་རྟེན་གྱི་ཆེས་ཆེ་བའི་བདེ་སྐྱིད་ཞིག་ཡིན་ཞིང་། དེ་ལ་ཁོར་ཡུག་འོས་འཚམ་ཞིག་ཏུ་ཐབས་ལམ་རྣམ་པར་དག་པ་ཞིག་སྤྱད་ན། སློབ་མ་ཚང་མས་བདེ་སྐྱིད་དང་ལྡན་པའི་སྒོ་ནས་དཔེ་ཀློག་བྱེད་ཐུབ།  སློབ་མ་ཞིག་ལ་མཚོན་ནས་བཤད་ན། བདེ་སྐྱིད་ཀྱི་འཚོ་བ་ནི་ཆེས་གནད་འགག་ཡིན་གྱི་སྐར་གྲངས་དང་ཨང་རིམ་ནི་དེ་ལྟ་མ་ཡིན་ནོ། ། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་བདེ་སྐྱིད་ཀྱི་འཚོ་བ་འདི་ལྟ་བུ་ཐོབ་བྱེད་ཀྱི་ནུས་པ་ཡིན་ལ། སློབ་མའི་ནུས་པ་ནི་རྒྱུགས་ཀྱི་སྐར་གྲངས་ཀྱིས་ཚད་འཇལ་བ་ནི་མ་ཡིན་ནོ། །  —ལིན་མུའུ་ཀྲིན་ཡེ་ནི་ཉི་ཧོང་གི་དགེ་རྒན་ཕུལ་དུ་བྱུང་བ་ཞིག་ཡིན་ལ།  སློབ་གསོ་བ་དང་ཨོག་ལེན་ཆུང་བ་དཀྲོལ་མཁན་ཁྱད་དུ་འཕགས་པ་ཞིག་ཀྱང་ཡིན། ཁོང་གིས་ལུགས་མཐུན་གྱི་སློབ་གསོ་བྱེད་དགོས་ཚུལ་བཏོན་ལ། དེ་ནི་བྱིས་པ་དག་ལ་རང་དབང་གི་དུས་ཚོད་མང་ཙམ་ཐོབ་ཐུབ་པའི་ཆེད་དུ་ཡིན།  

 22.སློབ་མའི་དགའ་ཕྱོགས་རྙེད་པར་བྱེད་པ། 

     དགའ་ཕྱོགས་ནི་སློབ་གཉེར་གྱི་དགེ་རྒན་བཟང་བོ་ཡིན་པས། སློབ་མའི་སློབ་གཉེར་གྱི་སྤྲོ་བ་ལེགས་པར་བཏོན་ན་ཕན་འབྲས་བཟང་བོ་བསྐྱེད་ཐུབ། མི་ཞིག་སློབ་གཉེར་གྱི་སྤྲོ་བའི་འོག་ནས་སློབ་སྦྱོང་བྱེད་ཅིང་།  རང་རྟོགས་དང་གསར་གཏོད་ཀྱི་ནུས་པ་ནི་ཆེས་ཆེར་བསྐྱེད་ཐུབ་ལ། སློབ་གཉེར་གྱི་ཕན་འབྲས་ཀྱང་མཐོར་འདེགས་ཆེན་པོ་གཏོང་ཐུབ་ཅིང་། དེ་ལས་སློབ་གཉེར་ལ་ལྷག་ཏུ་དགའ་བར་འགྱུར་ཞིང་།  ལེགས་པའི་འཁོར་རྒྱུག་ཅིག་འགྲུབ་ངེས་ཡིན།  —ཡོན་ཐེན་ནི་ཉི་ཧོང་གི་ཅིན་ཀང་རྫོང་གི་སློབ་ཆུང་ཞིག་གི་དགེ་རྒན་ཕུལ་དུ་བྱུང་བ་ཞིག་ཡིན།  

 23.སློབ་མའི་དགའ་ཕྱོགས་རྒྱུན་འཁྱོངས་དང་ཡར་རྒྱས་སུ་གཏོང་བ། 

      ང་ཚོའི་དཔེ་ཁྲིད་ནི་འགྱུར་བ་མེད་པ་དང་།  འཕེལ་རྒྱུན་ཆད་པ། གོམས་སྲོལ་རྙིང་པའི་དབང་དུ་བྱས་པའི་སློབ་ཁྲིད་མ་ཡིན་པར།  སློབ་མ་ཐམས་ཅད་རང་བྱུང་དང་འདྲིས་པར་བྱེད་པ་དང་།  ཁོ་ཚོ་སྤྲོ་བ་ཡོད་པའི་བྱ་དངོས་ལས་སློབ་གསོའི་གོ་སྐབས་འཚོལ་བ། ངའི་དཔེ་ཁྲིད་ལ་བློ་སྒོ་འབྱེད་པའི་རྣམ་པ་ལས་སྣོད་དུ་བྱོ་བའི་རྣམ་པ་ལྟ་བུ་ནི་མ་ཡིན་ཏེ། ཐོག་མར་བྱིས་པའི་གཉུག་གཤིས་ལ་བརྩི་བཀུར་བྱེད་པ་ནས་མགོ་བརྩམས་ཏེ། གཞན་དབང་གིས་སློབ་སྦྱོང་བྱེད་པ་ནས་རང་འགུལ་གྱིས་སློབ་གཉེར་བྱེད་པར་བསྒྱུར་ལ།  ཁོ་ཚོའི་སློབ་གཉེར་གྱི་སྤྲོ་བ་བསླང་ནས་ནམ་ཡང་ཤེས་ཡོན་ལ་རེ་བའི་རྣམ་པར་གནས་པར་བྱེད་རྒྱུ་དེ་ཡིན།  —ཨན་ནེ.ཧྲ་ལི་ཝུན་ནི་ཨ་རིའི་བུད་མེད་རྩོམ་པ་པོ་དང་།  སློབ་གསོ་བ་ཧེ་ལོན.ཁེ་ལི་ཡི་དགེ་རྒན་ཡིན།  

 24.སློབ་མ་བདེ་ཞིང་སྐྱིད་པའི་ངང་ནས་སློབ་སྦྱོང་བྱེད་དུ་འཇུག་པ། 

     སློབ་མར་གང་ནུས་ཅི་ཐུབ་ཀྱིས་བདེ་ཞིང་སྐྱིད་པའི་ངང་ཤེས་ཡོན་ཁོང་དུ་ཆུད་པར་བྱེད་ཅིང་། སློབ་གཉེར་ནི་བདེ་སྐྱིད་དང་ལྡན་པ་ལས་དཀའ་སྡུག་གིས་ཁེངས་པའི་བྱ་བ་ཞིག་ཏུ་བསྒྱུར་མི་རུང་།  དགེ་རྒན་གྱིས་སློབ་མ་ལ་སྣེ་ཁྲིད་བྱས་ནས་འཚོལ་ཞིབ་བྱེད་པ་དང་།  རང་གིས་རིགས་འདེད་བྱེད་པ།  སློབ་མ་རྣམས་ལ་གཞན་གྱིས་ལྟ་རྟོག་མེད་ཀྱང་རང་འགུལ་གྱིས་སློབ་བྱོལ་མི་བྱ་བ་བྱེད་དགོས། དགེ་རྒན་གྱིས་ཁོ་ཚོ་ལ་ཅི་ཐུབ་ཀྱིས་ཉུང་ཙམ་ཁྲིད་པ་དང་།  ཁོ་ཚོའི་སྣེ་ཁྲིད་ནས་རང་གིས་ཤེས་སུ་འཇུག་པ་གང་ནུས་ཀྱིས་ཇེ་མང་དུ་གཏོང་དགོས།  —ཧི་པའོ་ཐི.སི་པིན་སེ་ནི་དབྱིན་ཇིའི་ཕུལ་དུ་བྱུང་བའི་དགེ་རྒན་དང་།  མིང་དུ་གྲགས་པའི་སློབ་གསོ་བ་དང་།  མཚན་ཉིད་རིག་པ་བ།  སེམས་ཁམས་རིག་པ་བ་བཅས་ཡིན།  

 25.སློབ་མའི་རིག་པ་སོ་རྩེ་ནས་འགུལ་བར་བྱེད་པ། 

     སློབ་མའི་ལག་པ་འགུལ་བའི་ནུས་པ་གསོ་སྐྱོང་བྱེད་པ་ནི་སྔོན་མ་སྦྱངས་ཟིན་པའི་ཤེས་བྱ་བརྟན་པོར་བྱས་པ་མ་ཟད།  སློབ་མའི་གསར་གཏོད་ཀྱི་ནུས་པ་ཡར་རྒྱས་སུ་བཏང་བའང་ཡིན།  དེར་བརྟེན། དགེ་རྒན་གྱིས་ངེས་ཅན་དུ་སློབ་མ་རྣམས་ལ་ལག་ལེན་གྱི་དུས་ཚོད་ངེས་ཅན་ཞིག་སྟེར་དགོས་ལ། ཁོ་ཚོར་ལག་པ་འགུལ་དུ་འཇུག་པ་མ་ཟད་ཀླད་པའང་འགུལ་དུ་འཇུག དེ་ལྟར་བྱས་ན་སློབ་སྦྱོང་གི་བརྩོན་པ་དང་རང་འགུལ་གྱི་རང་བཞིན་ཆེས་ཆེར་མཐོར་འདེགས་གཏོང་ཐུབ།  —ཏའོ་མེ་ཉེ་ཁི་ནི་ཧྥ་རན་སིའི་ཕུལ་དུ་བྱུང་བའི་དགེ་རྒན་དང་སློབ་གསོའི་ཆེད་མཁས་པ་ཡིན།  

  26.སློབ་མའི་གསར་གཏོད་ཀྱི་འདོད་འདུན་གསོ་སྐྱོང་དང་སྲུང་སྐྱོབ་བྱེད་དགོས། 

     སྒྱུ་རྩལ་གྱི་མཐར་ཐུག་གི་དོན་སྙིང་ནི་མི་ལ་བདེ་སྐྱིད་བསྐྲུན་པ་དང་། སྐུལ་མ་གཏོང་བ་དང་སྟོབས་ཤུགས་སྩོལ་བ་དེ་ཡིན། སྒྱུ་རྩལ་གསར་རྩོམ་གྱི་ཁྲོད་དུ་ང་ཚོས་སློབ་མ་ལ་ཡིད་ཆེས་བྱེད་ཅིང་། བྱིས་པའི་གསར་རྩོམ་གྱི་འབྲས་བུ་སྣང་མེད་དུ་འཇོག་མི་རིགས་པར། ཚད་མཐོན་པོའི་སྒོ་ནས་སློབ་མ་དག་ལ་ཁོར་ཡུག་ཡངས་མོ་ཞིག་མཁོ་འདོན་བྱེད་པ་དང་།  སློབ་མ་དག་གིས“ལག་པ་གསུམ་པ”བརྐྱངས་ཐུབ་པར་བྱེད་ཅིང་།  ཚེ་སྲོག་གི་ངོ་མཚར་བའི་བྱུང་བ་གཅིག་རྗེས་གཉིས་མཐུད་དུ་གསར་གཏོད་བྱེད་ངེས་ཡིན།  —ཧེ་ཏུན་ནི་ཨོ་ཏིས་ལེ་ཡི་ཕུལ་དུ་བྱུང་བའི་དགེ་རྒན་དང་། མིང་དུ་གྲགས་པའི་དབྱངས་རྩོམ་པ་པོ་དང་རོལ་དབྱངས་སློབ་གསོ་བ་ཞིག་ཡིན།  

 27.སློབ་མའི“ནོར་འཁྲུལ”དེ་ཉིད་སློབ་གསོའི་གོ་སྐབས་ཤིག་ཏུ་འཛིན་དགོས། 

        དགེ་རྒན་ཞིག་ལ་མཚོན་ན་ང་ཚོས་བྱིས་པའི་མི་ཚེ་ནི་གསར་དུ་མགོ་བརྩམས་པ་ཡིན་ལ། སྔོན་ཆད་ཀྱི་ནོར་འཁྲུལ་དང་ངོ་ཚས་འདས་ཟིན་པ་འབའ་ཞིག་མཚོན་ལ། ངེས་པ་དོན་གྱིས་མི་ཞིག་གི་མི་ཚེ་གང་བོ་མཚོན་བྱེད་ནི་ཁོའི་ད་ལྟ་དང་མ་འོངས་པའི་འདུ་བྱེད་དག་ཡིན་པ་ཤེས་དགོས།  མི་ཚང་མ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་མ་ཡིན་པར་མི་སྣ་རླབས་ཆེན་དག་ལའང་ནོར་འཁྲུལ་འབྱུང་ངེས།  འདས་པའི་གྲིབ་མ་ལས་ཐར་པར་བྱེད་ཅིང་། ད་ལྟ་ནས་མགོ་བརྩམས་ཏེ་རང་གི་སྒྲུབ་འདོད་པའི་དོན་རྣམས་འབད་པས་བསྒྲུབ་ན།  ཁྱོད་ཚོ་ཚང་མ་ཕུལ་དུ་བྱུང་བའི་མི་སྣ་འཇོན་ཐང་ཅན་དུ་འགྱུར་ཐུབ།  —ཧྥེ་ལ་ནི་ཨ་རིའི་ཞིན་ཙི་ཞེ་ཀྲུའུ་ཡི་སློབ་ཆུང་ཞིག་གི་དགེ་རྒན་ཕུལ་དུ་བྱུང་བ་ཞིག་ཡིན། 

  28.ངལ་རྩོལ་ལ་བརྟེན་ནས་སློབ་མའི་ནུས་པ་དང་དགའ་ཕྱོགས་ཡར་རྒྱས་སུ་གཏོང་བ།

        ང་ཚོའི་སློབ་མ་ནི་འདི་ལྟ་བུའི་གསར་གཏོད་རང་བཞིན་གྱི་ངལ་རྩོལ་གྱི་ཁོར་ཡུག་གི་ཁྲོད་དུ་་འཚོ་བ་རོལ།  གསར་གཏོད་རང་བཞིན་གྱི་ངལ་རྩོལ་སྣ་ཚོགས་ནི་ཁབ་ལེན་མི་འདྲ་བ་སྣ་ཚོགས་དང་འདྲ་ལ།  ཁབ་ལེན་གྱི་འདྲེན་ཤུགས་ཇི་ལྟར་ཆེ་ན། སློབ་མ་དག་ངལ་རྩོལ་ལ་ཞུགས་པའི་སྤྲོ་བ་དེ་ལྟར་ཆེ་ལ། ཁོ་ཚོས་ངལ་རྩོལ་གྱི་ཕྱོགས་ཀྱི་ནུས་པ་འདི་དག་མངོན་གསལ་གྱིས་ཡར་རྒྱས་གོང་འཕེལ་ལ་ཡོང་ངེས།  —ཁི་ལའོ་མེ་ཡེ་ཅིན་ཁི་ནི་སུའུ་ལེན་སྔོན་མའི་སྐྱེ་དངོས་དང་རྫས་འགྱུར་རིག་པའི་དགེ་རྒན་ཕུལ་དུ་བྱུང་བ་ཞིག་ཡིན།  

29.སློབ་ཁྲིད་ལ་ཉན་པར་རང་འགུལ་སྒོས་སློབ་ཁྲིད་ལ་རོལ་མྱོང་བྱེད་མཁས་དགོས། 

      ང་ཚོ་ལ་ཕན་ཐོགས་ཧ་ཅང་མང་པོ་འབྱུང་བའི་མཛུབ་སྟོན་ནི་ཡུལ་དངོས་ནས་དགེ་རྒན་ནམ་ལས་གྲོགས་དག་གི་དཔེ་ཁྲིད་ལ་ཉན་རྒྱུ་དེ་ཡིན། ངས་མ་གཞི་དཔེ་ཁྲིད་ཀྱི་ནང་དོན་གཅིག་ཡིན་པ་ལ་འདི་ལྟ་བུའི་གསར་གཏོད་གྱི་རང་བཞིན་ཆེན་པོ་ཡོད་པ་ཚོར་ལ།  རང་གིས་སེམས་སུའང་དྲན་མ་མྱོང་བའི་དཔེ་ཁྲིད་ཀྱི་བྱེད་ཐབས་སྣ་ཚོགས་མཆིས། མ་གཞི་སློབ་ཁྲིད་དོ་དམ་ལ་འདི་ལྟའི་སྣ་མང་ལ་ཕན་འབྲས་ཆེ་བའི་རྣམ་པ་ཞིག་ཡོད་པ་རེད་ཨང་སྙམ།  དགེ་རྒན་ཞིག་ལ་མཚོན་ན།  རོལ་མྱོང་བྱེད་ཤེས་པའི་མཐོང་རྒྱ་དང་།  ཞིབ་འཇུག་གི་སེམས་ཁམས།  མཉམ་སྤྱོད་ཀྱི་བློ་ཁོག་ཅིག་ཡོད་ཅིང་། རྒྱུན་པར་ཁོ་ཚོའི་སློབ་ཁྲིད་ལ་རོལ་མྱོང་བྱེད་པར་རྒྱུན་འཁྱོངས་བྱས་ན། ཤེས་རབ་ཀྱི་སྤྱན་ཁྱད་པར་བ་དང་ལྡན་པར་བྱས་ཏེ་གཞན་གྱི་སྐུལ་མི་དགོས་པར་རང་འགུལ་གྱིས་སློབ་ཁྲིད་ལ་མྱོང་རོལ་བྱེད་ཐུབ་ཀྱང་སྲིད།  —སི་ཏེ་ཧྥིན.པི་ལེ་ཁི་མན་ནི་ཨ་རིའི་སློབ་ཆུང་ལོ་རིམ་གཉིས་པའི་དགེ་རྒན་ཕུལ་དུ་བྱུང་བ་ཞིག་ཡིན། 

  30  དཔེ་ཁྲིད་ནི་མི་སྐྱོང་བའི་ཆེད་དུ་ཡིན།  དཔེ་ཁྲིད་ནི་མི་སྐྱོང་བའི་ཆེད་དུ་ཡིན།

         ང་ཚོས་དཔེ་ཁྲིད་བྱེད་པའི་གོ་རིམ་ཁྲོད་དུ། སློབ་མ་ལ་བསམ་བློའི་སློབ་གསོ་རྣམ་དག་གཏོང་དགོས་ལ།  ཁོ་ཚོའི་མི་ཚེའི་ལམ་བུ་ལ་ཁྲིད་སྟོན་ཡང་དག་པ་བྱེད་ཅིང་། དེ་ནི་དགེ་རྒན་ཞིག་གི་འགན་ཁུར་ཆེས་གལ་ཆེ་བ་དེ་ཡང་ཡིན།  ངས་རང་གི་སློབ་མ་དག་རང་གི་དཔེ་ཁྲིད་ལས་བསླབ་པ་ནི་གཞུང་དྲང་ཡིན་པར་འདོད་དེ། མི་བཟང་པོ་ཞིག་བྱེད་པ་ནི་ཆེས་གལ་ཆེ་བ་དེ་ཡིན་པའི་ཕྱིར།  —ཧྥུ་ལའོ་སི་ཐི་ནི་ཨ་རིའི་སློབ་ཆུང་གི་དགེ་རྒན་ཕུལ་དུ་བྱུང་བ་ཞིག་ཡིན།  

31  སློབ་མར་དགེ་བའི་ཕྱོགས་ཀྱི་སེམས་ཀྱི་གསང་བརྡ་སྟོན་དགོས།

         དགེ་རྒན་ཞིག་ལ་མཚོན་ན། ང་ཚོས་ཐོག་མར་སེམས་ཀྱི་གསང་བརྡ་ལ་སྟོབས་ཤུགས་ཁྱད་པར་བ་ཞིག་ཡོད་པ་ཤེས་དགོས་ཏེ།  སློབ་མར་ཁས་ལེན་ཐོབ་པར་བྱེད་པ་དང་།  བསྟོད་པ་བྱེད་པ་དང་། དགེ་བར་ཕྱོགས་པའི་སེམས་ཀྱི་གསང་བརྡ་བསྟན་ན་ཁོ་ཚོ་རང་བརྩི་དང་།  རང་གཅེས། རང་རྟོན།  རང་ཉིད་སྟོབས་དང་ལྡན་པ་བཅས་སུ་གཏོང་ཐུབ། གལ་ཏེ་སློབ་མར་དགེ་རྒན་ལས་བྱུང་བའི་དགེ་བར་ཕྱོགས་པའི་སེམས་ཀྱི་གསང་བརྡ་ཚོར་བ་ན། རང་ནི་ཆེས་རིག་པ་རྒོད་པ་དེ་ཡིན་པར་འདོད་ཅིང་། དེ་ལས་རང་རྟོན་གྱི་འདུ་ཤེས་ཇེ་མཐོར་གཏོང་ལ། རང་ལ་བཏོན་པའི་རེ་བའི་ཚད་གཞི་ཡང་ཇེ་མཐོར་འགྲོ་ངེས།  དེ་ལྟར་བྱས་ན་མཐར་ཁོ་ཚོ་ནི་དངོས་གནས་སློབ་མ་ཕུལ་དུ་བྱུང་བ་དག་ཏུ་འགྱུར་ཐུབ།  —ཨན་དྷིར་སིན་ནི་ཨ་རིའི་ཕུལ་དུ་བྱུང་བའི་དགེ་རྒན་ཞིག་ཡིན།  
མཆན། ཨན་དྷིར་སིན་གྱིས་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་དུ། ཁོ་མོས་སློབ་མ་རེ་རེར་རེ་བ་ཆེན་པོ་བཅངས་པ་མ་ཟད།  རང་གི་སྦས་པའི་རེ་བ་ཡིས་སློབ་མའི་སེམས་ཀྱི་རེ་དོགས་མཐའ་དག་མེད་པར་བྱེད།  སློབ་མས་དེ་དག་ཚོར་བ་ན་སྐུལ་མ་ཐེབས་ཤིང་། མཐར་སློབ་མ་དེ་ཉིད་ཁོ་མོས་རེ་བའི་ཁྲོད་ཀྱི་དེ་ལྟ་བུ་ཞིག་ཏུ་འགྱུར་ཐུབ།  

 32.བྱིས་པར་དད་འདུན་བརྟན་པོ་ཞིག་ཡོད་དུ་འཇུག་པ། 

         སློབ་མ་ཚང་མར་རང་གི་ཕུགས་བསམ་དང་དོན་གཉེར་བྱ་ཡུལ་ཞིག་ཡོད་ལ།  རང་གི་ཕུགས་འདུན་དང་འབྱུང་འགྱུར་ཞིག་ཀྱང་ཡོད་པས། ང་ཚོའི་དགེ་རྒན་དག་ནི་ཁོ་ཚོའི་ཕུགས་བསམ་མངོན་དུ་འགྱུར་བྱེད་ཀྱི་སྐུལ་འདེད་བྱེད་མཁན་དང་རམ་འདེགས་བྱེད་མཁན་ཡིན་འོས།  བྱིས་པར་དད་འདུན་བརྟན་པོ་ཞིག་ཡོད་དུ་འཇུག་པ་དང་།  བྱིས་པ་ཚང་མར་བརྩི་བཀུར་དང་།  དགའ་བ། བསྟོད་པ།  སྐུལ་མ།  སྒུལ་ཤུགས་འདང་ངེས་ཤིག་སྤྲད་ན།  དེས་ན་སློབ་མའི་ཚེ་གང་བོར་ཕན་པར་ངེས་སོ། །  —ཕེ་ཨར.པའོ་ལའོ་ནི་ཨ་རིའི་ཕུལ་དུ་བྱུང་བའི་སློབ་ཆུང་དགེ་རྒན་ཞིག་ཡིན། 

 33. སློབ་མ་ལ་རོགས་རམ་བྱས་ནས་སེམས་ཁམས་མི་སྐྱིད་པ་དང་རྒྱང་དུ་གྱེས་པ།སློབ་གསོ་ལ་བརྩེ་བ་མཁོ་ཞིང་། 

     དེ་ལས་ཀྱང་སྒེར་སེམས་མེད་པ་ཞིག་ཡིན་དགོས།  བློ་རིག་ལྡན་པའི་བརྩེ་བ་ཡིན་ན་སྒེར་སེམས་མེད་པ་ཞིག་ཡོད་མི་སྲིད།  བློ་རིག་ལྡན་པའི་བརྩེ་བས་ལུས་སེམས་བདེ་ཐང་དང་།  མི་གཞི་བདེ་ཐང་།  དེ་ལས་ཀྱང་རང་དམན་གྱི་འདུ་ཤེས་དག་དང་།  སྔར་ལས་ཀྱང་སེམས་ཁུར་དང་རོགས་སྐྱོར་བྱེད་པར་རེ་བ་བྱེད།  ངས་ཁོ་ཚོའི་དོན་དུ་མང་པོ་བློས་གཏོང་སྲིད།  སློབ་གྲོགས་དག་ལ་རོགས་བྱས་ནས་སེམས་ཁམས་མི་སྐྱིད་པ་དང་རྒྱང་དུ་གྱེས་ནས།  ཁོ་ཚོ་བདེ་ཐང་གིས་མཚར་ལོངས་འབྱུང་བར་བྱེད་ངེས།    — མཱ་ཁི་སི་མོའུ་ནི་ཨ་རིའི་སློབ་ཆུང་གི་ཕུལ་བྱུང་དགེ་རྒན་ཞིག་ཡིན།  

34. སློབ་མ་རེ་རེ་ལ་ཧུར་ཐག་གིས་རེ་བ་བཅངས་སྲིད།སློབ་གྲོགས་རྣམ་པ།

         ཁྱེད་ཅག་ནི་ལྷན་སྐྱེས་ཀྱི་ཤེས་རབ་མངའ་བ་དང་། ཆུང་དུས་རིག་པ་རྒོད་པ། འཇོན་ནུས་ཕུན་སུམ་ཚོགས་པ། དེ་ལས་ཀྱང་བྱས་རྗེས་ཡོད་པ་ཅན་དག་ཡིན། གལ་སྲིད་ཁྱེད་ཅག་གིས་རྟག་པར་རང་ཉིད་ལ་དོ་སྣང་བྱ་ཐུབ་ཚེ། རང་ཉིད་ལས་རྒྱལ་ཐུབ། དེ་དང་ཆབས་གཅིག་ཏུ་བློ་སྟོབས་ཆེན་པོས་འབྱུང་འགྱུར་ལ་བློས་བསླངས་བྱས་ནས་མ་འོངས་པ་ན་རང་ཉིད་ལ་མཛད་འཕྲིན་རླབས་པོ་ཆེ་གང་འདྲ་བྱུང་བར་མནོ་བསམ་བཏང་ན། དེ་ཡིས་ང་ཚོའི་འཇིག་རྟེན་འདི་ལ་ཅི་ཞིག་ཁྱེར་ཡོང་ཐུབ་པ་དང་། ད་དུང་རྒྱང་རིང་བའི་ཕུགས་བསམ་དེའི་ཆེད་དུ་འབད་པ་ལྷོད་མེད་བྱས་ན། ལོ་རྒྱུས་ནི་ཁྱེད་ཅག་ལ་བསྟུན་ནས་བསྒྱུར་བཅོས་བྱས་ཆོག་པ་དང་། འཇིག་རྟེན་ཡང་ཁྱེད་ཅག་དང་འགྲོགས་ནས་འགྱུར་ལྡོག་འབྱུང་སྲིད།      —ཧཱ་ཧྲིན་ཏོན་ནི་ཨ་རིའི་སློབ་ཆུང་གི་ཕུལ་བྱུང་དགེ་རྒན་ཞིག་ཡིན། 

  35. ཡིད་ཆེས་ཀྱིས་སློབ་མའི་ཡིད་རྟོན་བསྐྱེད་བསྲིང་བྱེད་ཐུབ།

        ཡིད་རྟོན་ནི་ཡོན་ཏན་ཐམས་ཅད་ཀྱི་གཞི་མ་ཡིན། དགེ་རྒན་གྱི་ཡིད་ཆེས་ཀྱིས་སློབ་མའི་ཡིད་རྟོན་སྐྱེད་སྲིང་བྱེད་ཐུབ། སློབ་མས་ཡིད་ཆེས་དང་བརྩི་བཀུར་ཐོབ་པར་རེ་བ་བྱེད་ལ། ང་ཚོས་སློབ་མ་ལ་ཡིད་ཆེས་བྱས་ན། ཁོ་ཚོས་ཐབས་བརྒྱ་ཇུས་སྟོང་གིས་ང་ཚོའི་ཡིད་ཆེས་ལ་རྒྱབ་འགལ་བྱེད་མི་སྲིད། གལ་སྲིད་སློབ་མ་ཞིག་ལ་ཡིད་རྟོན་གྱི་སྤྱོད་པ་མེད་རུང་། ང་ཚོའི་ཡིད་ཆེས་ཀྱིས་ཁོ་ཚོས་རྫུན་ལབ་པའི་རྔམ་པ་དེ་ལ་བཀག་འགོག་བྱེད་སྲིད།  —མཱ་ཁི་ལན་ཁི་ནི་སུའུ་ལེན་སྔོན་མའི་ཕུལ་བྱུང་དགེ་རྒན་དང་། སློབ་གསོ་བ། དགེ་རྒན་ཤེས་རབ་ཅན་གྱི་མཚན་སྙན་བཏགས་ཡོད། ཁོའི་ཁྱད་ཆོས་གཙོ་བོ་ནི་ཁོའི་རླབས་ཆེ་བའི་སློབ་གསོའི་ལག་ལེན་ཡིན། ཁོས་སྒྲུབ་པའི་ལས་སློབ་མཉམ་ལས་སློབ་གྲྭ་ནི་འཛམ་གླིང་སློབ་གསོའི་ལོ་རྒྱུས་སྟེང་ལག་ལེན་ཐུན་མོང་རིང་ལུགས་སློབ་གསོའི་མིག་དཔེ་ལྟ་བུ་ཡིན།  
    

  36. སློབ་མའི་རྒྱུད་ཀྱི་བག་ལ་ཉལ་བའི་བཀུར་བསྟིའི་སེམས་པ་སད་དུ་འཇུག་དགོས།

         ཀྲུང་གོའི་བྱིས་པའི་ཡབ་མེས་དག་གིས་སྡུག་བསྔལ་མང་པོ་མྱངས་ཡོད་པ་རེད། བྱིས་པའི་ཆེད་དུ་ཁོ་ཚོའི་ཡོད་ཚད་འབུལ་ཟིན་པ་རེད། ད་སྐབས་ཀྱི་བྱིས་པ་དག་ཕ་མའི་རྒན་གཞོན་གྱི་གཅེས་ཕྲུག་ལྟར་ནར་སོན་དུ་འཇུག་བཞིན་ཡོད། ཁོ་ཚོ་ནི་དྲོད་ཁང་ནང་གི་མེ་ཏོག་ལྟ་བུ་ཡིན། མི་གཞན་གྱི་ཆེད་དུ་གཏོང་ཕོད་བྱེད་དགོས་པ་མི་ཤེས་ལ།  མི་གཞན་གྱི་ཆེད་དུ་ཕངས་མེད་དུ་དོར་མི་ཐུབ།  དེ་བས་ང་ཚོས་སྔར་ལས་ཀྱང་ཁོ་ཚོར་དྲིན་ལན་གྱི་སློབ་གསོ་གཏོང་དགོས།    —ཧྲན་ཞང་ཞན་ནི་ཀྲུང་གོ་ནས་སློབ་ཆུང་དགེ་རྒན་གཉེར་མྱོང་བའི་བྱང་ཁོ་རུ་ཡའི་ཕུལ་བྱུང་དགེ་རྒན་དང་སློབ་གསོ་བ་ཡིན།  

37. སློབ་མ་ལ་རང་ལ་ཡིད་ཆེས་ཡོང་བའི་སློབ་གསོ་གཏོང་དགོས།

        སློབ་མ་ལ་ཡིད་ཆེས་ཡོང་ཐབས་ཀྱི་སློབ་གསོ་གཏོང་དུས། སློབ་གསོ་གལ་ཆེན་མཐོང་བ་ནི་སྔོན་འགྲོ་དང་། དེས་སློབ་མའི་རྒྱུད་ཀྱི་རང་བརྩི་དང་ཡིད་ཆེས་སྔོག་འདོན་བྱེད་ཐུབ། སློབ་མ་ལ་རྒྱལ་ཁ་མྱོང་དུ་བཅུག་ནས་ཁོ་ཚོ་ཡིད་ཆེས་དང་ལྡན་པར་བྱེད་དགོས། འགྲན་རྩོད་ཛ་དྲག་ལ་འཕྲད་པ་དང་།  དགེ་རྒན་གྱིས་མཛུབ་སྟོན་གང་ལེགས་གནང་ནས་སློབ་མ་ལ་དུས་ནམ་ཡིན་ཡང་ཡིད་ཆེས་ཀྱི་བསམ་པ་ཡོད་དུ་འཇུག་དགོས།  ཁོ་ཚོ་ལ་སྐབས་ཤིག་གི་ཕམ་ཁ་ནི་དུས་བརྟན་གྱི་ཕམ་ཁ་ལ་ངོས་འཛིན་དུ་འཇུག་མི་རུང་།     —ཨེ་ལོང་པའོ་ལུང་སི་ཏིན་ནི་ཨ་རིའི་སློབ་ཆུང་གི་རྩལ་སྦྱོང་དགེ་རྒན་ཞིག་ཡིན།  

 38. འཛིན་གྲྭའི་ཚོགས་འདུའི་ནུས་པ་ཆེར་བསྐྱེད་དགོས། དགེ་རྒན་ཞིག་ལ་མཚོན་ན།

       ང་ཚོས་འཛིན་གྲྭའི་ཚོགས་འདུའི་ནུས་པ་ཆེར་བསྐྱེད་དགོས། ཚོགས་འདུས་སློབ་མ་ལ་གོ་སྐབས་ལེགས་པའི་བྱ་འགུལ་མཁོ་འདོན་དང་། ཁོ་ཚོ་ཕན་ཚུན་ལ་བརྩི་བཀུར་དང་བྱམས་བརྩེ་ལྡན་པའི་མཁའ་དབུགས་ཁྲོད་དུ་ཚོགས་པའི་ཁྲོད་དུ་ཞུགས་ཐུབ་པ་དང་།  ཕན་ཚུན་ལ་རང་གིས་བྱ་དངོས་ལ་འཛིན་པའི་ལྟ་བ་དང་བསམ་འཆར་སོགས་བརྗེ་རེས་བྱེད་ལ། ཚོགས་འདུས་སློབ་མ་བྱ་བ་སྒྲུབ་པར་སྐུལ་ལྕག་དང་། ཉན་པ། སྒེར་ཚུགས་ཀྱིས་བསམ་བློ་གཏོང་བ། མཉམ་དུ་གྲོས་གཞི་འདོན་པ། འཆར་གཞི་འགོད་པ། ལག་ལེན་ལ་གདེང་འཇོག་སོགས་བྱ་འགུལ་དངོས་ནས་རང་དབང་གི་ཁོར་ཡུག་ལོངས་སུ་སྤྱོད་དགོས། ཚོགས་འདུས་སློབ་མ་ཕན་ཚུན་བར་དུ་རོགས་རམ་དང་མཉམ་འཐབ། མཉམ་དུ་ལོངས་སུ་སྤྱོད་པའི་སྤྲོ་སྣང་གི་ཁོར་ཡུག་བསྐྲུན་དགོས།  —ཐང་ནཱ་ཧྲི་ཐེ་ཨར་སི་ནི་ཁ་ན་ཏའི་ཕུལ་བྱུང་དགེ་རྒན་དང་མིང་དུ་གྲགས་པའི་སློབ་གསོ་བ་ཞིག་ཡིན།  

39. ཞིབ་ཕྲ་ནས་མགོ་བརྩམས་ཏེ། 

        གོམས་གཤིས་ལེགས་པོ་ལོབས་སུ་འཇུག་དགོས།  སློབ་མ་རེ་རེ་ལ་རང་རང་གི་ཐུན་མིན་གྱི་ཤེས་རབ་དང་གསར་གཏོད་ཀྱི་རང་བཞིན་ཡོད། སློབ་མ་སུ་ཡིན་རུང་རང་ཉིད་ལ་འཚམ་པའི་སྦྱོང་བརྡར་གྱི་གོ་རིམ་བརྒྱུད་ནས་སྣེ་ཁྲིད་དང་མཛུབ་སྟོན་བྱས་ན། པྲ་ཆལ་ཞིག་ཡིན་རུང་ལེགས་པའི་ལམ་ལ་འགྲོ་བའི་སྐབས་ཡོད། སློབ་ཆུང་གི་དགེ་རྒན་ཞིག་ལ་ཆ་མཚོན་ན། ང་ཚོས་འདི་ལྟ་བུའི་རེ་བ་དང་ཕུགས་བསམ་བརྟན་པོ་བཅངས་ནས་སློབ་མ་རེ་རེ་ལ་ཤུགས་རྐྱེན་ཐེབས་དགོས།        —ལའོ་ཨན་ཁུ་ལ་ཁུ་ནི་ཨ་རིའི་ནེའེ་ཡོག་ཧཱ་ལེ་མོ་སློབ་ཆུང་གི་ཕུལ་བྱུང་དགེ་རྒན་ཞིག་ཡིན་ལ།1995ལོར་དགེ་རྒན་བྱས་ཤིང་། 2001ལོར་ཨ་རིའི་ཏེ་སུ་ནེའི་ཕུལ་བྱུང་དགེ་རྒན་གྱི་བྱ་དགའ་ཐོབ། 

 40. སློབ་གསོ་མི་ཐོབ་པའི་སློབ་མ་མེད།

    དགེ་རྒན་ཞིག་ཡིན་ན་སློབ་མ་དག་ལ་དགའ་བ་ཡིན་ན། ད་བཟོད་སློབ་མ་དག་ལ་སློབ་གསོ་ཡང་གཏོང་ཤེས། དགེ་རྒན་གྱི་མིག་ནང་ནས། “སློབ་གསོ་གཏོང་ས་མི་འགྲོ་བའམ་སློབ་གསོ་གཏང་རུང་མི་ཤེས་པའི”སློབ་མ་མེད། དགེ་རྒན་ཞིག་ཡིན་ན། སློབ་མ་དག་ལ་འཕེལ་རྒྱས་ཡོད་པའི་བསམ་པ་བཟུང་ནས་སློབ་མའི་མི་གཞི་བདེ་ཐང་དང་གསོ་སྐྱོང་བཅས་བྱ་དགོས། ཁོ་ཚོ་ལ་སྐུལ་མ་བྱས་ནས་སྔར་ཡོད་པའི་རྨང་གཞིའི་སྟེང་ནས་མུ་མཐུད་དུ་འཕེལ་རྒྱས་གཏོང་དགོས་པ་དང་། མི་རེ་རེ་འཇོན་ནུས་ཅན་ཆགས་པར་ཡིད་ཆེས་ཡོད་དུ་འཇུག་དགོས།    —ཏ་ཡེ་ཞན་ནན་ནི་ཉི་ཧོང་ཏོང་ཅིན་རྒྱལ་ས་ག་ཧྲི་ཁུལ་ཞོན་ཆུས་ཞོ་མཱའི་སློབ་གྲྭའི་དགེ་རྒན་དང་སློབ་གཙོ་ཡིན།