ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > འཕྲིན་གསར།

དགའ་ལྡན་ལྔ་མཆོད་ཆེན་མོ།

སྤེལ་དུས། 2018-11-24 12:55:13  ཁུངས།   རྩོམ་པ་པོ།   རྡེབ་ཚད། 

 དགའ་ལྡན་ལྔ་མཆོད་ཆེན་མོ།

  ལྕང་སྐྱ་དགེ་འདུན་བཀྲ་ཤིས།
                            
དུས་འཁོར་རྩ་རྒྱུད་ལས།
      བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་ལ།།
      ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན།།
      བསྐལ་བ་བྱེ་བར་བསགས་པའི་སྡིག་བཅོམ་ནས།།
      ཤིན་ཏུ་མི་བཟད་གཤིན་རྗེ་གྲོང་ལས་ཐར།།
ཞེས་གསུངས་པ་ལྟར། དགའ་ལྡན་ལྔ་མཆོད་ཆེན་མོ་འདི་ནི། རྗེ་རྒྱལ་བ་བློ་བཟང་གྲགས་པའི་འདས་སྐར་ཏེ། འབྲོག་རི་བོ་དགའ་ལྡན་དགོན་པ་ནས་རྗེ་ཐམས་ཅད་མཁྱེན་པས། སྐུ་བེར་དང་དབུ་ཞྭ་ཐུགས་སྲས་དར་མ་རིན་ཆེན་ལ་གནང་སྟེ། རྒྱལ་ཚབ་ལ་བསྐོས་པ་དོན་གྱིས་གོ་བར་བྱས་ནས། ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་གཟིམ་ཁང་འོད་གསལ་སྦུག་ཏུ་སྐུ་གཤེགས་པའི་ཉིན་མོ་ཡིན། ཁོང་སྐུ་གཤེགས་པའི་ཕྱི་ལོ་དགའ་ལྡན་དུ་དགེ་འདུན་པ་མང་བོས། བདེ་གསང་འཇིགས་གསུམ་དང་། ཀྱེ་རྡོར། དུས་འཁོར། ཚེ་དཔག་མེད། ཀུན་རིག་སོགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་དགོངས་རྫོགས་ལ་སྒྲུབ་མཆོད་གནང་བ་དང་། ར་ཁ་བྲག་ཏུ་ཆོས་རྗེ་ཡེ་ཤེས་ཀྱིས་དབུ་མཛད་དེ། དགེ་འདུན་པ་མང་བོས་སྒྲུབ་མཆོད་རྒྱ་ཆེར་མཛད་པ་ནས་བཟུང་། ད་ལྟའི་བར་དུ་དགེ་ལྡན་ལྔ་མཆོད་ཆེན་མོ་ཞེས། གྲུབ་མཐའ་རིས་མེད་དང་རྒྱ་ཆེའི་མི་དམངས་ཀྱིས། སེམས་ཁོང་གི་ཉི་མ་ལྟ་བུ་འཇམ་མགོན་བློ་བཟང་གྲགས་པ་ཞི་བར་གཤེགས་པའི་རྗེས་དྲན་དུ་རྣམ་དཀར་གྱི་ལས་ལ་བརྩོན་ཞིང་། ཁྱད་པར་དུ་དགོན་སྡེ་ཁག་དང་དུད་ཁྱིམ་ཡོངས་རྫོགས་ཀྱིས་ཁང་བའི་ཡང་སྟེང་དང་སྒེའུ་ཁུང་ཁར་མཆོད་མེ་བསྟར་ཕྲེང་བསྒྲིགས་ཏེ། གླིང་མེ་མཆོད་པ་རྒྱ་ཆེར་འབུལ་སྲོལ་ཚུགས་ཤིང་། ཡུལ་ལུང་མང་ཆེ་བར་མར་མེ་གཞོང་སྟེགས་སུ་བསྒྲིགས་ནས། གཞིས་ཀའི་སྟེང་འོག་དང་ཁོར་ཡུག་ཏུ་འཁྱེར་ཏེ། དམིགས་བརྩེ་མ་གདངས་དབྱངས་སྙན་མོས་གྱེར་བཞིན།  རྗེ་ཐམས་ཅད་མཁྱེན་པའི་དགོངས་རྫོགས་སྒྲུབ་སྲོལ་ཡོད་པ་འདི་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་པ་ཡིན། ཚུལ་འདིར་གཟིགས་ནས། མཁས་དབང་དགེ་ཆོས་ལྷ་སར་བཞུགས་དུས། ལྔ་མཆོད་ཀྱི་ཉིན་མོ་ལ། རྗེ་ཙོང་ཁ་པ་དྲན་པའི་གདུང་བ་མ་བཟོད་པར། མིག་ཆུ་མཚམས་མ་ཆད་པར་བཞུར་ཏེ། ང་ཚོ་ཨ་མདོ་ནས་ཇི་འདྲའི་བླ་རྒན་རླབས་ཆེ་ཞིང་ངོམ་རི་བ། ལོ་ངོ་དྲུག་བརྒྱ་ལྷག་གི་རྗེས་སུ་ཡང་ད་དུང་མང་ཚོགས་ཀྱི་སེམས་ཁོང་ན་པར་བཏབ་པ་བཞིན་དྲན་གསོ་བྱེད་པ་ཞིག་འཁྲུངས་པ་རེད་ཨང་། ཞེས་གསུངས་པ་དེ་ག་རང་དུ་འདུག་གོ།
  ང་ཡི་བླ་མ་བློ་བཟང་གྲགས་པ་དེ།།
  དགའ་ལྡན་གནས་སམ་བདེ་བ་ཅན་ལ་སོགས།།
  དག་པའི་ཞིང་ཁམས་གང་ན་བཞུགས་ཀྱང་རུང་།།       
  བདག་སོགས་འཁོར་གྱི་ཐོག་མར་སྐྱེ་བར་ཤོག།