ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > འཕྲིན་གསར།

མཚོ་སྔོན་རླུང་འཕྲིན་ཁང་གིས་ལྕང་སྐྱ་དགེ་འདུན་བཀྲ་ཤིས་ལ། ཡིག་གཟུགས་སྐོར་བཅར་འདྲི་བྱས་པ།

སྤེལ་དུས། 2018-11-26 15:33:06  ཁུངས།   རྩོམ་པ་པོ།   རྡེབ་ཚད། 


རེབ་གོང་རིག་གནས་ལས་ཡིག་གཟུགས་སྐོར་གླེང་བ།        
                 
དྲི་བ་འདོན་མཁན་ལྷ་རྒྱལ་བཀྲ་ཤིས།   དྲིས་ལན་འདེབས་མཁན་ལྕང་སྐྱ་དགེ་འདུན་བཀྲ་ཤིས། 

      ལྷ་རྒྱལ་བཀྲ་ཤིས།  དེ་རིང་གི་གླེང་གཞིར་གྱུར་བ་ནི་རེབ་གོང་རིག་གནས་ལས་ཡིག་གཟུགས་སྐོར་གླེང་བ་འདི་ཡིན་ཞིང་། སྤྱིར་བོད་ལ་ཡི་གེ་བྱུང་བ་ནས་ཡི་གེའི་གཟུགས་ལ་སྣ་མི་འདྲ་བ་ཤིན་ཏུ་མང་པོ་བྱུང་ཡོད། ཡུལ་མཚོ་སྔོན་འདིར་མཚོན་ནའང་། ཡིག་གཟུགས་སྤྱིའི་ཆ་ནས་ཁྱད་པར་ཆེན་པོ་མེད་པ་འདྲ་མོད། ཞིབ་ཏུ་བལྟས་ན་ཡུལ་དུས་མི་འདྲ་ཞིང་ཡིག་གཟུགས་ཀྱི་ཕྱག་རྒྱུན་ཀྱང་མི་འདྲ་བའི་དབང་གིས་བྲིས་གཟུགས་དེ་དག་ལ་ཁྱད་པར་ཆེན་པོ་ཡོད་པ་ཤེས་ཐུབ། ཁྱད་པར་དུ་རེབ་གོང་ས་ཁུལ་དུ་དར་བའི་ཡིག་གཟུགས་ཀྱི་ཕྱག་རྒྱུན་དང་ཡིག་གཟུགས་རང་སྟེང་གི་མཛེས་པ་སོགས་གང་ཐད་ནས་བལྟས་ནའང་གཞན་དང་མི་འདྲ་བའི་ཁྱད་ཆོས་དུ་མས་ཕྱུག་པ་རེད། དེས་ན་དེ་རིང་ཡུལ་རེབ་གོང་རོང་བོ་དགོན་པའི་ཨ་ཁུ་སྒོ་དམར་དགེ་འདུན་དོན་གྲུབ་དང་ལྕང་སྐྱ་དགེ་འདུན་བཀྲ་ཤིས་གཉིས་སྐུད་ལམ་འདིར་གདན་དྲངས་ཏེ།  ཡིག་གཟུགས་ཇི་ལྟར་བྱུང་བ་དང་།  ཁྱད་པར་དུ།  རེབ་གོང་ན་དར་བའི་ཡིག་གཟུགས་ཀྱི་སྐོར་ཁ་བརྡ་བྱས་ཏེ་རྒྱུས་ཡོད་པར་བྱའོ། །  དེས་ན་ཨ་ཁུ་གཉི་ག་སྐུད་ལམ་འདིར་གདན་འདྲེན་པར་ཞུ།  ཡ། ཨ་ཁུ་གཉི་ག་བདེ་མོ།    སྒོ་དམར་དགེ་འདུན་དོན་གྲུབ། བདེ་མོ། མདོ་འཛིན་པ་བདེ་མོ།  ལྕང་སྐྱ་དགེ་འདུན་བཀྲ་ཤིས། བདེ་མོ། ཐོག་མར་ཨ་ཁུ་རྣམ་གཉིས་ཀྱིས་ངེད375ཡི་ལེ་ཚན་འདིར་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།

       ལྷ་རྒྱལ་བཀྲ་ཤིས།  དེས་ན།  ཐོག་མར་ལྕང་སྐྱ་དགེ་འདུན་བཀྲ་ཤིས་ལགས་ཀྱིས་རྒྱལ་བོ་སྲོང་བཙན་སྔོན་དུ་ཡི་གེ་ཡོད་མེད་སྐོར་ནས་དེ་རིང་གི་གླེང་སློང་གནང་ན།   

  ལྕང་སྐྱ་དགེ་འདུན་བཀྲ་ཤིས།   ཡ་ཡ།  བོད་ཀྱི་ཡི་གེ་ཡོད་མེད་སྐོར་ལ་བཤད་ཚུལ་སྣ་ཚོགས་ཡོད་པ་རེད། དཔེར་ན། བོན་གྱི་དཔེ་དེབ་རིན་ཆེན་གཏེར་ཁྱིམ་ནང་དུ།  སྟོན་པ་གཤེན་རབ་མི་བོ་ཆེས།  ཡིག་ལྷ་འཕྲུལ་བུ་ཟེར་བ་ལ།  འཕྲུལ་ཡིག་བཞི་བཅུའི་རྣམ་དབྱེ་རྒྱས་པར་གསུངས་ཏེ།  བོད་ཡིག་ཐོག་མར་བྱུང་བ་རེད་ཟེར།  ཡང་བོན་དཔེ་འགར།  སྟོན་པ་གཤེན་རབ་ཀྱིས་བདུད་རྗེ་ཁྱབ་པ་ལག་རིང་བསྒྲལ་རྗེས།   བདུད་ཀྱི་གཏོ་སྒྲོམ་མེས་ཚིག་པ་ལས་ཡི་གེའི་ས་བོན་རྙེད་པ་རེད་ཟེར།  ཡང་ཉང་ཆོས་འབྱུང་ལས།  བོད་ཀྱི་ཡི་གེ་ཁྲི་སོ་བུད་བཙན་པོའི་རིང་བྱུང་ཟེར་ལ།  ཁྲི་སོ་བུད་བཙན་པོ་ཟེར་བ་དེ་འགའ་ཞིག་སོ་ཁྲི་བཙན་པོ་ཡིན་པར་བཤད་ཡོད། དེ་བདེན་ན།  བོད་ཡིག་གནམ་གྱི་ཁྲི་བདུན་གྱི་ཡ་གྱལ་སོ་ཁྲི་བཙན་པོ་རིང་ནས་བོད་ཡིག་ཡོད་པ་ཞིག་ཏུ་ཆགས་ཡོད།  གང་ལྟར།  སྲོང་བཙན་སྔོན་ནས་བོད་ཡིག་ཡོད་པ་ནམ་མཁའ་ནོར་བུས་ནོར་བུ་དོ་ཤལ་ཞེས་པའི་ནང་དུ་རྒྱུ་མཚན་མང་དུ་བཀོད་ཡོད།  དེ་ལས་གཞན།  ཉེ་ཆར་མཚོ་སྔོན་དང་ཀན་སུའུ་གྱི་ས་མཚམས་ནས་བུད་པའི་ཟངས་ཀྱི་དོང་ཙེ་འདྲ་བ་ཞིག་གི་སྟེང་དུ།  བོད་ཡིག་ན་དང་།  ག་མ་ལྟ་བུའི་འདྲ་གཟུགས་ཅན་བྱུང་བར།  གནའ་རྫས་རྟོག་དཔྱོད་མཁན་ཚོས་བཤད་ན།  འདི་ལ་ལོ་ངོ་སྟོང་བཞི་ལྷག་འགོར་བས།  བོད་ཀྱི་ཡི་གེ་ནི་ལོ་ངོ་སྟོང་ཕྲག་བཞིའི་སྔོན་ནས་ཡོད་པ་ཁྱབ་བསྒྲགས་དང་འུད་བརྗོད་ཀྱང་བྱེད་ཀིན་ཡོད།   

      གཞན་ཏུང་ཧོང་ཡིག་རྙིང་ནང་དུ།  སྲོང་བཙན་སྔོན་དུ་ཡི་གེ་ཡོད་མེད་གཉིས་བཤད་ཡོད།   ཡི་གེ་མེད་པའི་སྒྲུབ་བྱེད་ནི།  གནམ་རི་སྲོང་བཙན་གྱིས་མྱང་ཞང་སྣང་བློན་པོ་བཅུག་ནས།  བློན་པོའི་མཚན་མར་ཡང་རྔུལ་གྱི་སུག་བུ་ཆུང་སྩལ་ཏོ།  ཞེས་བཤད་ཡོད་ལ།  རྔུལ་གྱི་སུག་བུ་ཆུང་ཞེས་དངུལ་ཡིག་ལ་གོ་དགོས་པས།  དེས་ན་སྲོང་བཙན་སྒམ་པོའི་ཡབ་ཀྱི་དུས་ནས་ཡི་གེ་ཡོད་པར་བསྟན་ཡོད།  ཏུན་ཧོང་ཡིག་རྙིང་ནང་དུ་སྲོང་བཙན་གྱི་ཡི་གེ་གསར་གཏོད་གནང་ཚུལ་ཡང།  དེ་ཉིད་ལས།  སྔོན་ཆད་ཡི་གེ་མེད་ན་ཡང་།  སྲོང་བཙན་གྱི་རིང་བྱུང་བར་བཤད་ཡོད་པ་དང་།  དེ་ནི་རྒྱའི་ཐང་ཡིག་ཏུ་བཤད་པ་དང་གཅིག་མཚུངས་ཡིན། ཡང་ཁ་ཅིག བེེ་རོ་ཙ་ནའི་རྣམ་ཐར་འདྲ་འབག་ནང་དུ།  རྒྱའི་མཁས་པ་ལི་བྱི་སྤྱན་དྲངས།  ཐོན་མི་ས་མྦྷོ་ཊས་ཡི་གེ་བསྒྱུར།  ཞེས་འབྱུང་བས།  ཐོན་མི་སམྦྷོ་ཊ་ཡི་གེ་བསྒྱུར་བ་བོ་ཡིན་པ་མ་གཏོགས།  གསར་གཏོད་པ་མིན་ཞེས་ཀྱང་བཤད་ཀི་ཡོད།  ཡང་ནེའུ་པཎྜི་ཏས་བོད་ཀྱི་ཡི་གེ་བཟོ་མི་ཐོན་མི་དང་རྟག་ལོ་རེ་ཁོམ་གཉི་ག་ཡིན་པར་ཡང་བཤད་ཡོད། གང་ལྟར། བརྒྱ་བཤད་ཚིག་གི་རྩ་བ། སྟོང་དཀྲུགས་འོ་མའི་མར་ལོ། ཆོས་རྒྱལ་སྲོང་བཙན་གྱི་དུས་སུ་ཡི་གེ་གསར་གཏོད་གནང་བ་བོད་ཀྱི་ཡིག་ཚང་དང་། ལོ་རྒྱུས་ཆོས་འབྱུང་བརྒྱ་ཆའི་དགུ་བཅུ་ཙམ་ཞལ་མཐུན་གྱི་ཡོད། དེ་དག་མཐུན་པའི་ལུང་དྲངས་ན་མངས་དྲགས་པས། ད་མང་བོ་མི་བཤད་ལ། འབབ་ས་རྡོག་རྡོག་པོ་བཤད་ན།  བོད་ཀྱི་ཡི་གེ་ནི། རྒྱལ་བོ་སྲོང་བཙན་སྒམ་པོའི་དུས་སུ་ཐོན་མི་སམྦྷོ་ཊས་གསར་གཏོད་བྱས་པར་འདོད་ལ། ཡི་གེའི་མ་གཟུགས་ཀྱང་། མཁས་དབང་དགེ་ཆོས་ཀྱིས་གསུངས་པ་བཞིན། གུབྟའི་རྒྱལ་བརྒྱུད་ཀྱིས་སྲིད་སྐྱོང་བའི་སྐབས་ཐོན་མི་རྒྱ་གར་དུ་བརྟོལ་ལ། གུ་བྟའི་ཡི་གེ་ནི། བོད་ཡིག་དང་ཚུགས་འདྲ་ཞིང་། ཅུང་ཟད་རྒྱང་ནས་བལྟས་ན། ལག་མི་མཁས་པ་ཞིག་གིས་བོད་ཡིག་བྲིས་སམ་སྙམ་པ་དང་། བོད་པ་ཡིག་འབྲུ་གཅིག་ཀྱང་མི་ཤེས་དག་གིས་ཀྱང་གུབྟའི་ཡི་གེ་ཕྱེད་ཙམ་ཀློག་ནུས་པ་སོགས་སྒྲུབ་བྱེད་དུ་བཀོད་དེ། བོད་ཡིག་གི་མ་གཟུགས་གུབྟའི་ཡི་གེ་ཡིན་པར་གསུངས་པ་གནད་དུ་ཁེལ་བའི་སྐད་ཆ་ཡིན་པར་འདོད་དོ།།

   ལྷ་རྒྱལ་བཀྲ་ཤིས།  ཡ།  དེས་ན་ཐོག་མར་ཨ་ཁུ་ལྕང་སྐྱ་དགེ་འདུན་བཀྲ་ཤིས་ནས་སྤྱིར་བོད་ཀྱི་ཡིག་རྒྱུན་གྱི་ཁུངས་འདི་ངོ་སྤྲོད་རེ་གནང་ན། 

        ལྕང་སྐྱ་དགེ་འདུན་བཀྲ་ཤིས། ཡ་ཡ། ཆོག་གི  སྤྱིར་བོད་ཀྱི་ཡིག་རྒྱུན་གྱི་ཁུངས་འདི་སློབ་དཔོན་ཐོན་མི་སམྦྷོ་ཊ་ལ་གཏུགས་དགོས་ལ། ཡོངས་གྲགས་སུ་ཐོན་མི་སམྦྷོ་ཊ་ནི་བོད་ཀྱི་ཡི་གེ་སྲོལ་འབྱེད་པ་ཡིན། སྔོན་བྱུང་མཁས་པ་དག་གིས་བོད་ཀྱི་ཡིག་རྒྱུན་གྱི་ཁུངས་གཏུགས་ས་ལ་ངོས་འཛིན་ཚུལ་མི་འདྲ་བ་འགའ་ཙམ་ཡོད་སྟེ། བུ་སྟོན་རིན་ཆེན་གྲུབ་ཀྱིས་བོད་ཀྱི་ཡི་གེའི་དཔེར་བལྟ་ས་ནི་ཁ་ཆེའི་ཡི་གེ་ཡིན་ཞེས་གསུངས་ཡོད།  ཕལ་མོ་ཆེས་ལཉྫ་ལ་དཔེ་བལྟས་ཏེ་དབུ་ཅན་དང་། ཝརྟུ་ལ་དཔེ་བྱས་ཏེ་དབུ་མེད་ཀྱི་གཟུགས་གྲུབ་པ་ཡིན་ཟེར། བདག་གི་ཞེ་འདོད་ལྟར་ན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བོད་ཡིག་ནི་གུཔྟའི་རྒྱལ་རྒྱུད་ཀྱི་ཡི་གེ་ལ་བལྟས་ཏེ་གྲུབ་ཞེས་གོང་དུ་བཤད་ཟིན་པ་ལྟར་རང་ལུགས་སུ་འཛིན་གི་ཡོད། འོན་ཀྱང་ལོ་རྒྱུས་ཀྱི་ཡིག་ཚང་ལས་ཤེས་པ་ནི་ཐོན་མི་སཾ་བྷོ་ཊའི་སྐུ་དུས་སུ་དབུ་ཅན་ལས་མ་དར་ཞིང་། སློབ་དཔོན་ཐོན་མི་སཾ་བྷོ་ཊའི་རྗེས་སུ་ད་གཟོད་དབུ་མེད་ཀྱི་གཟུགས་རིམ་གྱིས་དར་བ་ཡིན་པ་ཤེས་ཐུབ། སློབ་དཔོན་ཐོན་མིས་དུས་རབས་བདུན་པའི་སྟོད་ཀྱི་ཆ་ལ་ཡི་གེ་གསར་ཏུ་བཏོད་པ་ཡིན་ཞིང་། ཁོང་གིས་དབུ་ཅན་གྱི་ཡི་གེ་གསར་གཏོད་གནང་བའི་དབྱིབས་དང་བཟོ་ལྟ་ལ་བལྟས་ནས། སྦལ་ནག་ན་ལ་བགྲད་འདྲ་ཞེས་བཏགས་ཡོད། དེང་སང་དེའི་ཡིག་གཟུགས་དེ་སེ་རའི་རི་ཁྲོད་ཕ་བོང་ན་མཇལ་རྒྱུ་ཡོད་པའི “ཨོཾ་མ་ཎྀ་པདྨེ་ཧཱུྃ”ཞེས་པ་དེ་ཡིན་ཟེར།  དབུ་མེད་ནི།  མཁས་པ་མང་བོ་ཞིག་གིས་ཐོན་མིའི་སྐུ་དུས་སུ་མ་ཡིན་པར། ཕྱིས་སུ་དབུ་ཅན་མགྱོགས་པར་བྲིས་པས། དབུ་མེད་རང་ཤུགས་ཀྱིས་ཐོན་པར་བཞེད་པ་དང་། ཡང་ཁ་ཅིག ཐོན་མི་སམྦྷོ་ཊས་ཤོག་སེར་དུ་ཆོས་རྒྱལ་སྲོང་བཙན་གྱི་བཀའ་ཆེམས་དབུ་མེད་ཕྱག་བྲིས་གནང་བ། མངའ་བདག་ཉང་གིས་འཕྲུལ་སྣང་གཙུག་ལག་ཁང་གི་རྟ་མགྲིན་ཞབས་འོག་ནས་གཏེར་དུ་བཞེས་པའི་ཤོག་ཚལ། རྩེ་པོ་ཏ་ལའི་རྒྱལ་བའི་གཟིམ་ཆུང་གི་རྟེན་སྒམ་ཁྲོད་བཞུགས་པར་ཡང་བཤད་པ་དང་། ཡང་འགའ་ཞིག སྟོང་ཐུན་སྨྱུག་གུའི་བསྟན་བཅོས་ལས། ཐུ་མིའི་ཐོག་མར་བྲིས་པའི་ཡིག་གཟུགས་ལ “སྒྱོགས་དཀར་མོ་གནམ་ལ་མཆོང་འདྲ ” ཞེས་པ་ནི།  དབུ་མེད་ཡིན་པ་དང་།  དེ་ནི་ད་ལྟ་ལྷ་སའི་ཤར་རྒྱུད་ཛེན་ཁོག་སྣ་རྡོའི་ལྷ་ཁང་གི་བྲག་ལྡེབས་ན།  རྒྱལ་པོ་སྲོང་བཙན་སྒམ་པོ་ལ་ཁོང་གིས་ཆེ་བརྗོད་ཀྱི་ཡི་གེ་ཞིག་བྲིས་ཡོད་པ་དེ།  ཞལ་རས་གསལ་ལ་ངང་མདངས་གང་བ་བཟང་། །གདམས་ངག་ཟབ་ལམ་མ་ཆད་ཐ་དད་རང་། །ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ། །འཕགས་པ་མ་ཕམ་ཡང་དག་དམ་པ་ལགས། །བདེར་གཤེགས་བདེན་ངེས་ཡེ་ཤེས་ཏེ། །ཏིང་འཛིན་ཞི་ཉིད་རིག་ཅིང་གཟིགས། །ཉོན་མོངས་ཚོགས་བཅོམ་མགོན་པོ་མཆོག །དུས་གསུམ་བདུད་འདུལ་ཀུན་ཏུ་ཐུལ། །སྤྱན་རས་གཟིགས་དབང་མཚན་གསོལ་བ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །  ཞེས་པ་འདི་ཉིད་ཡིན་པར་ཡང་བཤད་ཡོད།  དབུ་མེད་ལ་འབྲུ་མ་ཞེས་ཟེར་ཞིང་།  དེ་ལ་ལི་ལུགས་དང་།  ལྡན་ལུགས་གཉིས་ཕྱེས་པ་ལས།  ལི་ལུགས་གསར་གཏོད་མཁན་ནི་སུ་ཡིན་མི་གསལ་ཡང་།  ལྡན་ལུགས་ནི་དུས་རབས་བརྒྱད་པའི་དུས་དཀྱིལ་དུ་ལོ་ཙཱ་བ་ལྡན་མ་རྩེ་མང་གིས་ཐོག་མར་སྲོལ་ཕྱེས་པར་བཤད་ཅིང་།  ཕྱིས་སུ་ཡིག་མཁན་ཚོའི་ལག་རྩལ་འདྲ་མིན་དབང་གིས། ལྡན་ལུགས་དེ་ཡང་ཡིག་གཟུགས་གཏན་འཁེལ་མེད་པ་ལྟར་ཆགས་པར་བརྟེན།  དུས་རབས་བཅོ་ལྔ་བའི་དུས་མགོར་རྒྱལ་རྩེ་སྡེ་སྲིད་ཀུན་བཟང་འཕགས་པས། ལྡན་ལུགས་ལ་མཁས་པའི་ཡིག་མཁན་མང་བོ་བསྡུས་ཏེ། ཁོང་བ་ཚོའི་ནང་གི་ཡིག་གཟུགས་རྩེར་སོན་ཞིག་བདམས་ཐོན་བྱུང་ནས། ཐིག་རིས་དང་། ཐིག་བཤད་མཛད་པ་སོགས་རིམ་གྱིས་དར་སྤེལ་བཏང་ཞིང་། ཕྱིས་སུ་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་། སིལ་བུར་འཐོར་རྐྱེན་ལ་བརྟེན་ཏེ་། དབུས་བྲིས། ཁམས་བྲིས། ཨམ་བྲིས་སོགས་བྱུང་ལ། ཁྱད་པར་དུ་རྒྱལ་དབང་བཅུ་གསུམ་པའི་དུས་སུ། དབུ་མེད་འདི་ཉིད་སྲིད་གཞུང་གིས་བཀོལ་སྤྱོད་བཏང་བར་བརྟེན། འཁྱུག་བྲིས་སམ་ཨ་མདོའི་སྐད་དུ་དབུ་མེད་ལྕགས་ཐག་མར་འབོད་པའི་ཡིག་གཟུགས་བྱུང་ངོ་།། 

     དབུ་ཅན་ལ་མཚོན་ན། ཐོན་མི་སམྦྷོ་ཊས་གསར་གཏོད་གནང་བའི་ཡིག་གཟུགས་དེ་ལ “སྦལ་ནག་ན་ལ་བགྲད་འདྲ”ཞེས་གྲགས་ཏེ།  སྦལ་བ་ནག་པོ་ན་འདམ་དུ་བགྲད་པ་ལྟ་བུ་ཡིན་པས་སོ།།  དེའི་རྗེས་སུ་ཡིག་མཁན་ཆ་མངར་རིན་ཆེན་འབར་གྱིས་བྲིས་ཡིག་གཟུགས་ལ “སོ་ཕག་གཤིབ་འདྲ”ཞེས་གྲགས་པ་སོ་ཕག་མང་པོ་མཉམ་ཏུ་གཤིབ་པ་འདྲ་བ་དང་།  རིམ་གྱིས་ཡིག་མཁན་ཆ་དཀར་བེའུ་ཚེ་ཞེས་པས་བྲིས་པ་ལ “བྱ་ཕོ་འཇོལ་བ་འདྲ་བ”དང་།  ཡིག་མཁན་གཙང་དགེ་བསྙེན་དཀོན་མཆོག་དབང་ཞེས་པས་བྲིས་པ“ནས་སྔོན་ཕྱིང་དཀར་གྱི་སྟེང་དུ་བཀྲམས་འདྲ”དང་། ཡིག་མཁན་བྷེ་ཤོ་ཁྲམ་གྱིས་བསམ་ཡས་རྡོ་རིང་དུ་བྲིས་པ་ལ“མུ་ཏིག་བསྟར་ལ་བརྒྱུས་འདྲ ”དང་། ཡིག་མཁན་ཚེ་སྤོང་བྱང་ཆུབ་ཀྱིས་བྲིས་གཟུགས་ལ“སྦུར་ནག་ན་ལ་བགྲད་འདྲ”དང་། ཡིག་མཁན་འབྲེ་བ་ཡོན་ཏན་གྱི་ཡིག་གཟུགས་ལ“ཉ་མོ་ཆུ་ནང་ནས་ཕྱུངས་འདྲ”དང་། ཡིག་མཁན་གྲ་ཤོད་རྣམ་གཉིས་ཀྱི་བྲིས་གཟུགས“སེངྒེ་གནམ་དུ་མཆོང་འདྲ”དང་།  (གྲ་ཤོད་རྣམ་གཉིས་ནི་དུང་དཀར་ཚིག་མཛོད་དུ་སྐ་ཅོག་ཟུང་ཡིན་པ་འདྲ། ཞེས་བཀོད་པ་ལྟར་ན། སྐ་བ་དཔལ་བརྩེགས་དང་ཅོག་རོག་ཀླུའི་རྒྱལ་མཚན་གཉིས་ཀ་ཡིན་ནོ)  དེ་དག་ལ་བསྟན་པ་སྔ་དར་གྱི་ཡིག་མཁན་ཞེས་བརྗོད་དོ།

        བསྟན་པ་ཕྱི་དར་ལ་ཡིག་མཁན་སྒྲོ་ཉ་ཤ་རི་ཟེར་བས་སྔར་གྱི་རྡོ་རིང་གི་ཡི་གེ་ལ་འདྲ་དཔེ་བླངས་ཏེ་བྲིས་པ་ལ་བར་གསར་ཞེས་ཟེར་ལ།  དེའི་རྗེས་ཡིག་མཁན་ཤཱཀྱ་རྡོ་རྗེ་དང་།  ཁྱུང་བོ་གཡུ་ཁྲི།  སྣ་ནམ་ཞང་བཙན།  སུམ་པ་གནོད་སྦྱིན་སོགས་བྱུང་ལ།  ཁྱད་པར་དུ།  ཡིག་མཁན་ཁྱུང་བོ་གཡུ་ཁྲི་འབར་ཞེས་པས་དཀྱིལ་འཁོར་གྱི་ཆ་ཆེན་དང་ཆ་ཆུང་ལ་དཔེར་བླངས་ཏེ།  ཆ་ཆེན་ཆ་ཆུང་གི་སྲོལ་བཏོད་པར་མ་ཟད།  སྨྱུ་གུ་དང་སྣག་ཚ་ཤོག་གུ་བཟོ་ཚུལ་སོགས་ཀྱི་བཀའ་རྩོམ་གནང་སྟེ།  སློབ་རྒྱུན་རྒྱུན་སྐྱོང་གནང་བ་དང་།   ནང་སྒོས་སུ་ཡང་སློབ་མཁས་པ་རོང་བོ་བྱ་བས་“ཡི་གེའི་གསལ་བྱེད་རིན་ཆེན་སྒྲོམ་བུ”ཞེས་པ་བརྩམས་ཏེ།  དབུ་ཅན་གྱི་ཡིག་གཟུགས་ཚད་གཞི་ཅན་དུ་བཏང་བ་དང་།  སྡེ་སྲིད་སངས་རྒྱས་རྒྱ་མཚོས་འགྲེལ་བཤད་གནང་བའང་ཡོད།  མདོར་ན་བོད་ཀྱི་ཡིག་གཟུགས་ནི།  ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། ཡིག་གཟུགས་གཟབ་ཆེན་གཟབ་ཆུང་འབྲུ་ཆེ་ཆུང་། །གཤར་མ་དཀྱུས་ཡིག་དྲུག་ལ་ཐམས་ཅད་འདུ།། ཞེས་གསུངས་པ་བཞིན། བོད་ཀྱི་ཡི་གེའི་གཟུགས་ཐམས་ཅད་ནི་གཟབ་ཆེན་དང་གཅིག གཟབ་ཆུང་དང་གཉིས། འབྲུ་ཚ་ཆེ་བ་དང་གསུམ། འབྲུ་ཚ་ཆུང་བ་དང་བཞི། གཤར་མ་དང་ལྔ། དཀྱུས་ཡིག་དང་དྲུག་ཏུ་འདུ་བར་བཤད། དབུ་ཅན་ནི།  ཕག་གྲུ་སྡེ་སྲིད་ཁྲི་རབས་ལྔ་བ་དབང་གྲགས་པ་རྒྱལ་མཚན་གྱིས་ཐོག་མར་ས་སྐྱ་གོང་མ་ལྔའི་གསུང་འབུམ་ཆ་ཚང་དཔར་བརྐོས་བྱས་པ་རེད།  ཡང་རྗེ་ཙོང་ཁ་པ་སྐུ་མྱ་ངན་ལས་འདས་རྗེས།  སྣེའུ་རྫོང་དཔོན་ནམ་མཁའ་རྒྱལ་མཚན་བཟང་བོས་སྦྱིན་བདག་བྱས་ནས།  རྗེ་རིན་པོ་ཆེའི་གསུང་འབུམ་ཆ་ཚང་དཔར་ལ་བརྐོས་པ་དེ་ལ།  ཡོངས་གྲགས་སུ་དགའ་ལྡན་དཔར་རྙིང་ཟེར་གྱིན་ཡོད་པ་དང་།  དཔར་ཤིང་དེའི་ཐོག་ནས་པར་ལོག་གནང་བའི་དཔེ་ཆ་སྐོར་ཞིག ད་ལྟ་སེ་ར་དང་། འབྲས་སྤུངས། རྩེ་པོ་ཏ་ལ་བཅས་ན་མང་བོ་རིག་རྒྱུ་ཡོད་པ་དང་། དེ་བས། རྗེ་ཙོང་ཁ་བའི་སྔ་ཕྱི་ལ་ཤིང་དཔར་འདེབས་པའི་སྲོལ་རྒྱ་ཆེར་དར་བས། དབུ་ཅན་གྱི་ཡིག་གཟུགས་ལ་སྤྱིའི་ཆ་ནས་འགྱུར་བ་ཆེན་པོ་མ་བྱུང་ཀྱང་། དབུ་མེད་ཀྱི་གཟུགས་ནི་དབུ་ཅན་ལྟ་བུའི་ཤིང་དཔར་ལ་འདེབས་པའི་སྲོལ་དེ་ཙམ་དར་ཁྱབ་མ་བྱུང་། ལོ་རྒྱུས་སུ་དབུ་མེད་ཀྱི་ཡིག་གཟུགས་ཤིང་དཔར་ལ་འདེབས་པའི་སྲོལ་གཏན་ནས་མ་དར་ཞེས་གྲགས་ཀྱང་། དེ་ལྟ་བུ་མ་ཡིན་ཏེ། ཡུལ་མདོ་སྨད་རེབ་གོང་གི་བོན་དགོན་བོན་བརྒྱ་སྨན་རི་བཤད་སྒྲུབ་གླིང་ནས་དབུ་མེད་ཀྱི་ཡིག་གཟུགས་ལ་བརྐོས་པའི་ཤིང་དཔར་ད་དུང་ཡང་མཇལ་ཏུ་ཡོད་པས་སོ། །དེས་ནས་དབུ་མེད་ཀྱི་ཡིག་གཟུགས་ཤིང་དཔར་ལ་གཏན་ནས་མ་བཏབ་པ་མ་ཡིན་ཏེ། དབུ་ཅན་ལས་དེ་ཙམ་གྱིས་རྒྱུགས་ཆེ་བ་མ་ཡིན་པས་སོ།།  དེའི་རྐྱེན་གྱིས་དབུ་མེད་ཀྱི་གཟུགས་ལ་རིམ་བཞིན་དུ་དབུས་བྲིས་དང་གཙང་བྲིས། ཨམ་བྲིས་ཞེས་གཟུགས་མི་འདྲ་བ་སྣ་ཚོགས་བྱུང་ཡོད་པ་བཞིན་ནོ། ། 

     ལྷ་རྒྱལ་བཀྲ་ཤིས།  བཀའ་དྲིན་ཆེ། སྤྱིར་ནས་ཡི་གེ་འབྲི་ཡུལ་ཤོག་བུ་དང་འབྲི་བྱེད་སྨྱུ་གུ། སྣག་ཚ་ནི་མེད་དུ་མི་རུང་བའི་རྒྱུ་རུ་གྲུབ་ལ། འདི་དག་ལ་བོད་ཀྱི་ས་ཁུལ་སོ་སོར་ཐུན་མོང་མ་ཡིན་པའི་ལས་སྲོལ་རེ་ཡོད་པ་རེད། དེ་ལ་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་པ་དེ་དག་གིས་བོད་ཀྱི་ཤོག་བུ་བཟོ་རྩལ་དང་བཟོས་པ་ལས་ཐོན་པའི་ཤོག་བུ་རང་སྟེང་གི་དགེ་མཚན་སོགས་ལ་གདེང་འཇོག་མཐོན་པོ་གནང་གི་ཡོད་པ་རེད། དེས་ན་གཤམ་ནས་ཨ་ཁུ་ལྕང་སྐྱ་དགེ་འདུན་བཀྲ་ཤིས་ལགས་ནས་སྤྱིར་བོད་ཀྱི་ཤོག་བུ་བཟོ་རྩལ་སྐོར་ནས་ཁ་བརྡ་རེ་བྱས་ན།

      ལྕང་སྐྱ་དགེ་འདུན་བཀྲ་ཤིས། ཡ་ཡ། དེ་ཆོག་གི  ཡི་གེ་གང་ཞིག་བྲི་བར་བྱེད་ཀྱང་སྨྱུ་གུ་དང་གཅིག  ཤོག་བུ་དང་གཉིས། སྣག་ཚ་དང་གསུམ་ནི་མེད་དུ་མི་རུང་བ་ཡིན་ཞིང་། འདི་དག་གི་བཟོ་ཐབས་ནི་རིག་གནས་ཆེ་བ་ལྔ་ལས་བཟོ་རིག་པའི་ཁོངས་སུ་གཏོགས་ཤིང་། བྱེ་བྲག་གི་ཤེས་བྱ་དང་ལག་ལེན། ལག་རྩལ་ཀྱང་ཚད་ངེས་ཅན་ཞིག་ལྡན་ན་ནི་སྣག་ཤོག་སྨྱུག་གསུམ་གྱི་སྤུས་ཀ་ཤིན་ཏུ་ལེགས་པོ་ཡོང་བ་ཡིན། འདིར་བྱེ་བྲག་ཏུ་སྲོལ་རྒྱུན་གྱི་ཤོག་བུ་བཟོ་སྟངས་ངོ་རེ་སྤྲད་ན། ཤོག་བུ་བཟོ་སྐབས་སུ་ཤོག་བུའི་རྒྱུ་ལ་རབ་འབྲིང་ཐ་གསུམ་ཡོད་དེ། རབ་ནི་ལྡུམ་བུ་དུང་ལོ་མ་དང་འབྲིང་ཨ་ཀ་རུའི་ཤན་བུ། ཐ་མ་རེའུ་ལྕག་ཡིན་ཏེ། ལྡུམ་བུ་དུང་ལོ་མའི་དགེ་མཚན་ནི་སྲབ་མཐུག་སོགས་རང་གི་འདོད་པ་ལྟར་གྱིས་བསྒྱུར་ནུས་པ་དེ་ཡིན། དེ་ལའང་སྐྱེ་ཡུལ་གྱི་ཆ་ནས་རབ་འབྲིང་ཐ་གསུམ་ཡོད་དེ། རྒྱུ་རབ་ནི་ས་ནག་དང་ཤུག་པ། རྫ་བྲག་སོགས་མེད་ས་ནས་སྐྱེས་པ་དང་། འབྲིང་ནི་བྱེ་མ་དང་ས་དམར་སོགས་སུ་སྐྱེ་བ་དེ་ནི་སྲ་མོ་དང་ཚོས་དཀའ་བ། ཁ་དོག་ཀྱང་སེར་པོར་སྣང་བ་ཞིག་ཡིན། ཐ་མ་ནི་ཤུན་བུ་མཐུག་ཅིང་འབུས་ཟིན་པ་དེ་ནི་ཐ་མའོ། །  རྒྱུ་རབ་ཀྱི་ལྡུམ་བུ་དུང་ལོ་མའི་ཤོག་བུ་བཟོ་ཐབས་ནི་ལྡུམ་བུ་དུང་ལོ་མའི་ཤུན་བུ་སོགས་ཕྱིས་ཏེ། གཙང་མར་བྱས། སྙིང་བོ་བླངས་ནས་བྱ་རྡོ་བསྲེག་མ་ཆུ་འཁྱག་ཏུ་བཞག་པ་དར་བ་ཙམ་དུ་སྣང་བ་བཙོ་དགོས། ལྕེ་རུ་བླངས་ན་འབིག་པ་ལྟ་བུའི་སྣང་བ་ན་རབ་བོ། །  སྲན་ཕྱེ་བཞིན་དུ་ཞིབ་མོར་རྡུང་བ་ཆུ་ནང་དུ་དཀྲུགས་ན་དྭངས་སྙིགས་ཤིག་ཕྱེ་བ་ཡིན། དྭངས་མའི་ངོ་བོ་ཅན་དེ་ཤོག་བུ་ལས་བྱེད་ཀྱི་ཤིང་གཞོང་དུ་སེང་རས་སྲབ་མོ་ཚགས་ཅན་གྱི་སྟེང་དུ་བླུགས་ནས་སྲབ་མཐུག་དང་ཡ་ཡོ་མེད་པར་བསྙམས་ནས་མཉམ་པར་བྱ་དགོས། སླར་ཡང་དྭངས་མའི་ངོ་བོ་ཅན་དེ་སེང་རས་ལས་བླངས་ཏེ་ཉི་མར་བསྐམ་ན་ཤོག་བུ་གྲུབ་པ་ཡིན་ནོ། །རྒྱུ་འབྲིང་གི་ཨ་ཀ་རུའི་ཤུན་བུའི་ཤོག་བུ་བཟོ་ཐབས་ནི། ཨ་ཀ་རུའི་ཤན་བུ་ཕྱི་མ་ཕྱིས་པ་བར་གྱི་ཆ་དེ་བཙོས་ནས་དེའི་ཁུ་བ་འཕོས་པ་ན་ནི་དེའི་རྗེས་ཀྱི་བཟོ་རིམ་ནི་གོང་གི་ལྡུམ་བུ་དུང་ལོ་མའི་བཟོ་ཐབས་དང་མཚུངས་པ་ཡིན་ནོ། །  ཨ་ཀ་རུའི་ཤན་བུས་བཟོས་པའི་ཤོག་བུ་ལ་མཐུག་པ་ནི་གླེགས་བམ་དུ་བསྡེབ་པ་ལ་ཤིན་ཏུ་རན་པར་སྣང་། རྒྱུ་ཐ་མ་ར་མ་རེའུ་ལྕག་གི་ཤོག་བུ་བཟོ་ཐབས་ནི། རྒྱུ་དངོས་ནི་ར་མ་རེའུ་ལྕག་གི་རྩད་པ་ཡིན་ཏེ། ཤུན་ལྐོག་ཕྱིས་ཤིང་། ས་ལ་སོགས་པའི་མི་གཙང་བ་དག་པར་བྱས། ནང་སྙིང་དོར་བའི་བར་ཤུན་དེ་ཐལ་ཁུ་རུ་བཙོས་ན་ནི་མ་མོག་གམ་བལ་ལྟ་བུའི་ཁུ་བ་ཞིག་འབྱུང་བ་ཡིན། དེ་དག་འདོན་བྱས་པ་ལ་ཨ་རུ་རའི་ཁུ་བ་བླུགས་ན་ནི་ཆོག རྗེས་ཀྱི་བཟོ་སྟངས་ནི་གོང་དང་མཚུངས། འདི་ནི་རྒྱུ་ཐ་མར་གྲུབ་ཀྱང་། རེའུ་ལྕག་ཏུ་དུག་གནས་པས་དེ་ལས་བཟོས་པའི་ཤོག་བུའང་འབུ་སྲིན་གྱིས་ཟ་དཀའ་བ་དང་ཡུན་རིང་དུ་གནས་པ་སོགས་ལ་ཤིན་ཏུ་ཕན་པས་ལྟོས་བཅས་ཀྱིས་མཆོག་ཏུ་གྲུབ་ཀྱང་རུང་ངོ་། །  2004ལོར་ངེད་རེབ་གོང་ཤེས་རིག་གླིང་གི་རེབ་གོང་དཔེ་མཛོད་ཁང་དུ་བཀའ་བསྟན་གྱི་དཔེ་མི་འདྲ་བ་གདན་འདྲེན་པའི་ཕྱིར་དུ་སྡེ་དགེ་ལ་ཐེངས་གཅིག་བསྐྱོད་པ་ཡིན། ཁོ་ཚོས་ར་མ་རེའུ་ལྕག་གི་ཤོག་བུ་བཟོ་བའི་ཐབས་ཐུན་མོང་མ་ཡིན་པ་ཞིག་ད་ལམ་་ཐུག་གི་བར་ཏུ་རྒྱུད་འཛིན་བྱས་ཡོད་པར་སྣང་།ཤོག་བུའི་སྤུ་གཅོད་བྱེད་སྟངས་དང་སྦགས་འདོན་སྟངས་ཐམས་ཅད་ཀྱང་མཐོང་བ་བརྒྱུད་པའི་ཕྱག་ལེན་གྱི་སྟེང་ནས་ཤེས་པར་བྱ་དགོས། ཤོག་བུ་ཚོས་བྱེད་སྟངས་ཀྱི་ཆ་ནས་ཀྱང་ཤོག་བུ་སེར་པོར་བསྒྱུར་བ་དང་དམར་པོར་བསྒྱུར་བ། སྔོན་པོར་བསྒྱུར་བ། མོག་སྔོན་དུ་བསྒྱུར་བ། མཐིང་ཤོག་ཏུ་བསྒྱུར་བ། ཤོག་ལྗང་ཏུ་བསྒྱུར་བ། སྣག་ཤོག་ཏུ་བསྒྱུར་བའི་ཕྱག་ལེན་ཀྱང་ཡོད། ཤོག་བུ་ལ་དྲི་ལྡན་པའང་ཁྱད་ཆོས་ཆེན་པོ་ཞིག་ཏུ་མཐོང་། དེ་ལྟར་ཤོག་བཟོའི་གོ་རིམ་ལེགས་པར་གྲུབ་རྗེས་སུ། ཐིག་རྩ་འདེབ་པ་སོགས་ཀྱི་ལག་ལེན་ཀྱང་མ་ཉམས་པར་ཡོད་པར་མཐོང་།

   ལྷ་རྒྱལ་བཀྲ་ཤིས།   ཡ་ཡ། ལགས་སོ། །  དེས་ན་ཡུལ་རེབ་གོང་ས་ཁུལ་འདིར་མཚོན་ན་སྔོན་གྱི་དུས་སུ་ཐུན་མོང་མ་ཡིན་པའི་ཤོག་བུ་བཟོ་ཐབས་དང་དེ་འབྲེལ་གྱི་ལོ་རྒྱུས་མི་སྣ་སོགས་ངོ་སྤྲོད་བྱ་རྒྱུ་ཡོད་དམ། 

       ལྕང་སྐྱ་དགེ་འདུན་བཀྲ་ཤིས། ཉེ་རབས་ཀྱི་ལོ་ངོ་བརྒྱ་ལྷག་གི་ནང་དུ་ཤོག་བུ་བཟོས་པའི་ལོ་རྒྱུས་རེ་མཐོང་ཐོས་སུ་མ་གྱུར་ཀྱང་།  གོང་དུ་ཨ་ཁུ་དགེ་དོན་ལགས་ཀྱིས་གསུངས་པ་བཞིན། བསྟན་པ་སྔ་དར་རིང་ནས་རེབ་གོང་ས་ཁུལ་དུ་མ་གསོད་ཤུལ་ལི་འུར་བ་དང་མག་སར་པཎྜི་ཏ། སྐྱབས་མགོན་ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་ཀྱིས་ཤོག་གུ་དེ་རང་རང་གིས་བཟོས་པར་མངོན།  ཁོ་ཚོའི་དུས་སུ་མཐོང་བ་བརྒྱུད་པའི་ཕྱག་ལེན་རྣམ་པར་དག་པ་ཞིག་ཡོད་པར་འདོད། 

     ལྷ་རྒྱལ་བཀྲ་ཤིས། དེས་ན་སྡེ་དགེ་པར་ཁང་ལྟ་བུ་ལ་མཚོན་ན། ཤོག་བུ་འདོན་སྤྲོད་བྱེད་ཁུངས་ལ་ཡང་ལུང་པ་རེད། སྨྱུ་གུ་ལ་ཡང་ལུང་པ་རེ། སྣག་ཚ་ཡང་དེ་ལྟར་ཏེ། ཡུལ་དུས་དང་འཚམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་ཐུན་མོང་མ་ཡིན་པ་ཞིག་གྲུབ་ཡོད་པ་རེད།  ཡ་ཡ། ལགས་སོ། །  གཤམ་དུ་ཨ་ཁུ་དགེ་འདུན་བཀྲ་ཤིས་ཀྱིས་བོད་ཀྱི་སྨྱུ་གུ་དང་སྣག་ཚ་བཟོ་བའི་ལག་རྩལ་འདི་ཚང་མ་ལ་ངོ་སྤྲོད་རེ་བྱས་ན།   

        ལྕང་སྐྱ་དགེ་འདུན་བཀྲ་ཤིས། སྨྱུ་གུ་བཟོ་བ་འདི་ཤིན་ཏུ་ནས་ཀྱང་གལ་ཆེ་སྟེ། 《ཤེས་བྱ་ཀུན་ཁྱབ》ལས། སྨྱུ་གུའི་མཆུ་ལ་མཁས་གྱུར་ན། །ཡི་གེ་འབྲི་ལ་མཁས་པར་བྱེད། །ཅེས་གསུངས་ཡོད། གཞུང་ལུགས་ལས་བཤད་པ་ལྟར་བྱ་དགོས་པར་མ་ཟད་།   ལག་ལེན་དངོས་ཀྱི་སྟེང་དུའང་སྨྱུ་གུ་བཟོ་རྩལ་ལ་ཤིན་ཏུ་མཁས་དགོས། དེས་ན་སྨྱུ་གུ་བཟོ་སྟངས་ལ་མཁས་པར་བྱེད་དགོས་ན་སྨྱུ་གུའི་རྒྱུ་རུ་གྱུར་བའི་སྨྱུག་མ་འདེམ་པར་མཁས་དགོས། བྲིས་པ་ཞིག་ཡིན་ན་སྨྱུ་གུ་ལེགས་པོ་ཞིག་བཟོ་ཤེས་དགོས་པ་དེ་ནི་ཆེས་མ་མཐའི་ཡི་གེ་ལེགས་པོ་འཁྱོངས་པའི་རྒྱུ་དམ་པ་ཡིན། སྨྱུ་གུའི་རྒྱུ་ནི་སྦུ་གུ་ཕྲ་ཞིང་ལྕི་ལ་སྨྱུག་ཤ་མཐུག་ལ་ཡ་ཡོ་ཁྱ་ཁྱོག་མེད་པ། མདོག་སེར་ལ་འོད་ལྡན་པ། རྩི་འཇམ་ཤིང་སོས་བྲད་པའི་ཚེ་ན་སོ་རྗེས་མི་འབབ་པ་ཞིག་ངེས་པར་རྙེད་དགོས་ཏེ། དེ་ལྟ་བུའི་སྨྱུ་གུ་བཟང་བོ་རེག་ན།  རིན་པོ་ཆེ་སྣ་བརྒྱད་དམ་སྣག་གམ་ཚལ་སོགས་གང་གིས་བྲིས་ཀྱང་ཡིག་གཟུགས་ལེགས་པོ་ཡོང་བ་ཡིན་ཏེ། སྨྱུ་གུ་མཆོག་ཡིན་པས་སོ། །བྱེ་བྲག་ཏུ་འཇང་སྨྱུག་ཏེ་ཡུན་ནན(云南)ས་ཁུལ་གྱི་སྨྱུག་མ་ནི་དཀྱུས་ཡིག་འབྲི་བྱེད་ལ་བཟང་བ་དང་ལྕགས་སྨྱུག་དང་ལྷོ་རོང་གི་སྨྱུག་མ་ནི་གསུང་རབ་ཆེན་པོ་འབྲི་བྱེད་ལ་བཟང་བ་ཡིན། སྤྱིའི་ཆ་ནས་སྨྱུག་མ་ནི་ཤིན་ཏུ་སྲ་མཁྲེགས་དང་ལྡན་པ་ཞིག་ཡིན་དགོས་པས། སྨྱུག་མ་སྲ་བཅོས་བྱེད་ཐབས་ནི། སྨྱུག་མ་དེ་ཡུན་རིང་བོར་ཁང་བ་དང་སྦྲ་སོགས་ཀྱི་དུད་པ་ཆགས་ས། ཡང་ན་དུད་ཁུང་སོགས་སུ་བཏེགས་ནས་བསྐམ་པར་བྱ་དགོས། དེ་ནས་བྱུག་རྒྱུ་རབ་ནི་བ་ལུ་མའི་རྐང་མར་དང་།  དེ་མིན་པའི་རྐང་མར་རྙིང་བ་སྨྱུག་མ་ལ་བྱུགས་ཏེ། བརྔོས་མ་ཐག་པའི་ནས་ཏེ་ཡོས་ཚ་བོའི་ནང་དུ་བཅུག་ན།  སྨྱུག་་མ་ཧ་ཅང་སྲ་ཞིང་མཁྲེགས་ལ་ཤིན་ཏུ་འཇམ་པ་འོང་བ་ཡིན། སྨྱུ་གུ་བཟོ་ཐབས་ལ 《ཤེས་བྱ་ཀུན་ཁྱབ》ལས་བསྟན་པ་ནི།  སྨྱུ་གུ་མཐོ་གང་གི་ཕན་ཆད་ལ་མི་རིང་ཞིང་མཛུབ་མོའི་ཚད་ལས་མི་ཐུང་བ། སྦོམ་ཕྲ་རན་པ། སྨྱུ་གུ་འཛིན་བྱེད་ཀྱི་མཐེ་བོང་དང་གོང་མཛུབ་ཀྱི་བར་ཏུ་གང་འབྱོར་ཐུར་མ་ལྟ་བུའི་སྦོམ་ཕྲ་གཞོགས་པ་དང་།   གཡས་གཡོན་ཐམས་ཅད་ནི་མཉམ་པར་བྱེད་དགོས། སྨྱུ་གུའི་རྫིང་དང་གས་ཁ་གཏོད་ཚུལ་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་དུ་ཤིན་ཏུ་གསལ་བས་འདིར་དུས་ཚོད་ཀྱི་དབང་གིས་སྐྱུང་བར་བྱའོ། །  དེ་ཡང་སྨྱུ་གུ་བཟོ་བ་ལ་མེད་དུ་མི་རུང་བ་ཞིག་ཡོད་པ་ནི་སྨྱུག་གྲི་ཡིན་ཏེ། “བཟོ་གནས་ལེགས་ཉེས་གྲི་ལ་རག །”ཞེས་ཡིག་གཟུགས་ཀྱི་གཞུང་དུ་དེ་ལྟར་སྨྱུག་གྲི་གལ་ཆེན་ཡིན་པ་བསྟན་ཡོད།  སྨྱུག་གྲི་ལ་ལྕགས་རིགས་ཀྱི་རྒྱུ་ཆ་བཟང་དགོས་ལ།   ལྕགས་རྒྱུ་ཤིན་ཏུ་སྲ་མོ་ཅན་ལ་ཕོ་ལྕགས་དང་། ཅུང་ཟད་སྙི་མོ་ཅན་ལ་མོ་ལྕགས་ཞེས་འདོགས་པ་ཡིན། ལྕགས་རྒོད་དང་ལྕགས་ཞན་འང་ཟེར་རོ། །ཕོ་ལྕགས་ཡིན་ན་ནི་བརྡར་དཀའ་ཞིང་གས་ཁ་ཤོར་སླ་བ་ཡིན། མོ་ལྕགས་ཏེ་རྒྱུ་ཞན་ན་ནི་ངར་མི་འཛིན་ཞིང་རྣོ་མི་སྟེར་རོ། །  དེས་ན་ཕོ་ལྕགས་དང་མོ་ལྕགས་བསྲེས་པའི་རང་བཞིན་ཅན་གྱིས་མཉེན་ལ་ངར་འཛིན་པ་དེ་དགོས་ལ།  དེ་མར་དང་བུ་རམ། སྦྲང་རྩི་རུ་བསྲེས་ཏེ་ལྕགས་ཞུན་བྱེད་དགོས་པ་ཡིན། དེའི་བརྡར་རྡོའི་རྡོ་རྒྱུ་ལའང་ཐུན་མོང་མ་ཡིན་པའི་བཤད་རྒྱུན་ཡོད། དེ་ལྟར་བརྡར་ནས་སྤུ་གྲི་རུ་གཏོང་དགོས། དེ་ལྟར་བྱས་ན་ནི་སྨྱུ་གུའི་གཞོག་གྲི་གྲུབ་པ་ཡིན། དེ་ལྟ་བུའི་གྲི་ཡིས་སྨྱུ་གུ་གཞོག་ན་ནི་སྨྱུ་གུ་ལེགས་པོ་ཞིག་འཁྱོངས་བ་ཡིན། དེ་ནས་སྣག་ཚ་བཟོ་སྟངས་ཅུང་ཟད་གླེང་བར་བྱ་སྟེ། དེ་ལ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས“སྣག་ཤོག་སྨྱུ་གུ་མི་གཟོབ་པར། །ཡི་གེ་གཟོབ་འདོད་ཡིག་མཁན་འཁྲུལ། །”ཞེས་གསུངས་ཡོད་པ་རེད། དེ་ལྟར་རྒྱུ་མ་དག་པས་འབྲས་བུའང་མི་དག་པ་ཆོས་ཉིད་རེད། ཡིག་གཟུགས་ཀྱི་བཟང་ངན་འདི་སྣག་ཚ་ལའང་འབྲེལ་བ་ཆེན་པོ་ཡོད། སྔོན་གྱི་ཚེ་སྣག་ཚ་ལ་རྒྱུ་ཆ་དགུ་ཞེས་བཤད་སྲོལ་ཡོད། རབ་ནི་མར་ནག་གི་མེ་ཏོག་དང་སྒྲོན་ཤིང་ངམ་ཅོག་སྡོང་། འབྲིང་ནི་ཉ་སྦྲིད་དང་གྲོ་ག(སྟག་པའི་ཤུན་བུ)། ཐ་མ་ནི་ཐང་ཚིལ(ཐང་སྡོང་གི་ཐང་ཆུ་བསྲེགས་པའི་དུད་པ)ལོ། །དེར་མ་འདུས་པ་ཕ་བ་སྒོ་སྒོ(ངའི་ཕ་ཡུལ་དུ་སྒན་མོ་ཅ་ཏུའུ་ཟེར)། བའི་ལྕི་བས་ལས་ཚུལ་སོགས་ཡུལ་དུས་དང་བསྟུན་པའི་ཐུན་མོང་མ་ཡིན་པའི་བཟོ་རྩལ་ཡོད། རྒྱུ་ལེགས་པར་གདམ་རྗེས་སྣག་ཚའི་དམ་ཀ་དང་མདངས་ཀྱང་འགྲིག་པར་བྱ་དགོས། སྣག་ཚའི་རྗེས་མི་འབབ་པ་ལ་ལ“རེའུ་ཤེད་ངན”ཞེས་དམན་པར་བྱེད། སྣག་ཚ་འབབ་དྲག་ན་ནི“ཕག་མོ་ཚིལ་རྐྱལ”ཏེ་ཕག་མོ་ཞིག་ཚིལ་གྱི་རྒྱགས་ཏེ་རྐྱལ་བ་ལྟ་བུར་གྱུར་བས།  ཤིན་ཏུ་མི་མཛེས་པའི་དཔེར་འཇོག་པ་ཡིན། སྲབ་མཐུག་ཉམས་ན་ནི“ལྕོང་མོ་མགོ་ལྡོག”ཅེས་བརྗོད། སྲབ་མཐུག་རན་པའི་མཛེས་པོ་བྱུང་ན་ནི་“སྒེག་མོ་ཡིད་འོང”ཞེས་ཤིན་ཏུ་མཛེས་པར་བརྩི་བ་ཡིན་ལ། ཡང་ཞིབ་ཏུ་ཤེས་འདོད་པ་དག་གིས་འཇུ་མི་ཕམ་ཚང་གི《བཟོ་རིག་ཉེར་མཁོ་ཟ་མ་ཏོག》ཏུ་གསལ།  འདི་ནི་ཡི་གེ་འབྲི་བའི་ཕྱག་ལེན་ལ་ཉེ་བར་མཁོ་བའི་སྣག་ཚའི་བཟོ་ཐབས་ཡིན་ལ། དེ་མ་ཟད་པའི་ཤིང་དཔར་ལ་འདེབ་པའི་སྐབས་སུའང་སྣག་ཚའི་ལག་ལེན་འདི་འགངས་ཆེ་བ་ཡིན་མོད། ད་ལྟར་གློག་ཀླད་སོགས་འཕྲུལ་ཆས་ཀྱིས་བསྐྱར་དཔར་བྱས་པ་འདི་དག་ནི། ངོ་ཕུར་བྱུགས་པ་ལྟར། ཡང་དང་བསྐྱར་དུ་འཕུར་བ་ལྟ་བུ་ལས་མི་འདུག་སྟེ། ཤོག་བུ་ཐེངས་གཅིག་གཉིས་ཙམ་དུ་སློག་པས་ཀྱང་ཡི་གེའི་མདོག་ཡལ་འགྲོ་ཞིང་དག་འགྲོ་བའི་སྣང་ཚུལ་འདུག། ལམ་རིམ་ཆེན་མོའི་དགའ་ལྡན་དཔར་རྙིང་ཞིག་རེབ་གོང་རྫོང་དཀར་དགོན་པ་རུ་བཞུགས་ལ། དེ་ནི་ཤོག་བུ་ཤིན་ཏུ་སྲབ་མོ་ལ་སྣག་ཚ་ཤིན་ཏུ་ཐིམས་པ་བྱུང་བས་མདོག་ཡལ་དཀའ་ཞིང་མིག་ལ་ལྷུང་བ་ཞིག་འདུག་པར་མ་ཟད།  ཤོག་གུ་མ་ཟད་བར་དུ་ཡི་གེ་མི་སུབ་པའི་ཁྱད་ཆོས་ཡོད།  ད་དུང་ཡང་ལྷ་སའི་ཞོལ་དཔར་ཁང་དང་སྐུ་འབུམ་དཔར་ཁང་། སྡེ་དགེ་དཔར་ཁང་།  རོང་བོའི་པར་ཁང་སོགས་ཀྱིས་དཔར་བ་ནི་ཤོག་བུ་མ་ཟད་བར་དུ་ཡི་གེའི་མདོག་ཡལ་མི་སྲིད་པ་ལྟ་བུར་ཆགས་ཡོད།  དེང་སྐབས་སུ་འདི་དག་གི་སྲོལ་རྒྱུན་བཟང་པོ་སྣུམ་ཟད་ཀྱི་མར་མེ་ནང་བཞིན་ཡལ་ནས་འགྲོ་གིན་འདུག་པས། ངོ་མ་བཤད་ན། བོད་ཀྱི་མཁས་པ་རྒན་པ་རྣམས་ལྟ་ཅི། ང་ལྟ་བུ་ལོ་བཞི་ཅུ་ཞེ་གྲངས་ཅན་ཡང་ཡིད་སྐྱོ་བ་དང་།  སེམས་འཁུར་བྱེད་པའི་དུས་སུ་སླེབས་ཡོད།   

      ལྷ་རྒྱལ་བཀྲ་ཤིས།  དེས་ན་དེང་དུས་སུ་མི་སྣ་སུ་ཞིག་སྨྱུ་གུ་བཟོ་བར་བྱང་ཤིང་སྨྱུག་ཁ་གཅོད་ལ་མཁས་ཞེས་བཤད་རྒྱུ་ཡོད་པ་རེད།

      ལྕང་སྐྱ་དགེ་འདུན་བཀྲ་ཤིས། དེ་ལ་ངེད་གཉིས་ཀྱི་གམ་དུ་བཞུགས་པའི་ཨ་ཁུ་དགེ་འདུན་དོན་གྲུབ་འདི་བ་ཚང་སྨྱུག་ཁ་གཅོད་པ་ལ་ཤིན་ཏུ་འཇོན་པོ་ཡོད། ངེད་གཉིས་ 1997ལོར་བཙུགས་པའི་རོང་བོ་ནང་བསྟན་སློབ་གླིང་གི་དགེ་རྒན་དུ་བསྡད་ཅིང་། ཁོང་ཡི་གེའི་བྲིས་ལ་ཤིན་ཏུ་མཁས་པས་ཁོང་ཚང་ཡིག་གཟུགས་དགེ་རྒན་དུ་བསྡད་པ་རེད། སྐབས་དེ་དུས་སུ་སྨྱུ་གུ་བརྒྱ་ཕྲག་ལ་བརྒལ་བ་བཟོས་ཤིང་། སྨྱུ་ཁ་གཅོད་གཏུབ་བྱས་པ་རེད། དེ་དུས་སུ་ང་ཚོ་སྐོར་ཅིག་གིས་སྨྱུ་གུ་གཞོག་ཤིང་།   སྐོར་ཅིག་གིས་རྫིང་གཏོད་པ་རེད། ཨ་ཁུ་ཁོང་ཚང་གིས་སྨྱུག་གུའི་གས་ཁ་དོད་ཅིང་སྨྱུག་ཁ་བཅད་པ་རེད། དེ་ནི་ཐང་གའི་ལྷ་སྐུ་ལ་ལྷ་དཔོན་གྱིས་སྤྱན་འབྱེད་པའི་ངང་ཚུལ་བཞིན། ཤིན་ཏུ་གལ་ཆེན་དང་འགངས་ཆེན་རེད།

       ལྷ་རྒྱལ་བཀྲ་ཤིས། ཆེས་མཐའ་མཇུག་ཨ་ཁུ་རྣམ་གཉིས་ཀྱིས་འཛམ་གླིང་གི་ཡི་གེ་སྣ་མང་གྲས་ནས་ངོ་མཚར་དུ་མས་ཕྱུག་ཤིང་། སྣག་ཤོག་སྨྱུག་གི་བཟོ་རྩལ་ཀྱང་ཐུན་མོང་མ་ཡིན་པ་ཚན་རིག་དང་མཐུན་པ་ཞིག་གྲུབ་ཡོད་པ་ནི་དམ་པ་གོང་མ་རྣམ་པས་ཞིབ་འཇུག་ཡང་དག་བགྱིས་ཏེ་གསར་ཏུ་བཏོད་ཤིང་ལག་ལེན་དུ་བསྟར་བ་རེད། འདི་དག་གི་མཐུ་ལས་བོད་སྔ་རབས་ཀྱི་གནམ་གྱིས་ས་བཀབ་པ་ལྟ་བུའི་མཁས་པ་མང་ཆེ་བས་ཉིན་མཚན་དབྱེར་མེད་ཏུ་བསྟན་བཅོས་ལ་འཇུག་པ་བྱུང་ཡང་མིག་ལ་གནད་དོན་བྱུང་བའི་ལོ་རྒྱུས་ཤིག་མེད་པ་རེད། ད་ལྟ་ནི་དགོན་གྲོང་གཉིས་ཀྱི་ཆ་ནས་དེ་ལྟ་བུ་མ་ཡིན་པ་མངོན་སུམ་དུ་གྲུབ་པ་རེད། འདི་དག་ནི་སྣག་ཚ་དང་ཤོག་བུ་དུག་ལྡན་གྱི་འབྲས་བུ་ལས་མ་འདས་སོ་སྙམ་བཞིན་ཡོད། ད་ནི་ལེ་ཚན་འདི་འང་མཇུག་རྫོགས་ལ་ཉེ་བས། ཨ་ཁུ་རྣམ་པ་གཉིས་ཀྱིས་ང་ཚོའི་དེ་རིང་གི་བརྗོད་གཞི་རུ་གྱུར་པ་བོད་ཀྱི་ཡིག་གཟུགས་ལ་བཅངས་བའི་རེ་སྨོན་སོགས་ཀྱི་གཏམ་འགའ་ཤས་གླེང་བར་བྱས་ན།         

        ལྕང་སྐྱ་དགེ་འདུན་བཀྲ་ཤིས། བོད་ཀྱི་ཡིག་གཟུགས་འདི་ཆེས་གལ་འགངས་ཆེན་པོ་ཞིག་ཡིན་ཏེ། རྒྱུ་མཚན།  ཆོས་སྲིད་གཙུག་ལག་གི་གཞུང་རྒྱ་ཆེ་བ་ཇི་ལྟ་ཇི་སྙེད་ཐམས་ཅད་ཡི་གེ་ལ་བརྟེན་དགོས་པ་དང་། རྒྱུ་མཚན་དེས་སྟབས་ཀྱིས། སངས་རྒྱས་ཀྱི་མདོ་ཕལ་བོ་ཆེ་ཟེར་བའི་ནང། ལྔ་བརྒྱ་ཐ་མར་གྱུར་བ་ན།། ང་ཉིད་ཡི་གེའི་གཟུགས་སུ་སྣང་།། ང་ཡིན་སྙམ་དུ་ཡིད་བྱོས་ལ།། དེ་ཚེ་དེ་ལ་གུས་པ་གྱིས།། ཞེས་གསུངས་ཡོད་ནི་རེད། དེའི་དོན་ཡང་སྙིགས་མ་ལྔ་མདོའི་དུས་ཚིགས་འདིར། སྟོན་པ་ཐུགས་རྗེ་ཅན་ཐ་མལ་བའི་མྱིག་ལམ་དུ་བཟོ་བོ་སྤྲུལ་སྐུ་ལྟ་བུ་ཡི་གེའི་རྣམ་པར་བྱོན་ཞེས་གསུངས་ཡོད་པ་རེད། ཚུལ་འདི་ལྟ་བུ་ལ་དགོངས་ནས་ཨ་བུ་དཔལ་སྤྲུལ་རིན་པོ་ཆེས་ཀྱང་། སྲིད་པའི་ཁམས་ན་ཕན་བདེའི་དངོས་གྱུར་བ།། གང་ཡང་ཐུབ་པའི་སྤྲུལ་བར་བཀའ་བསྩལ་ན།། བློ་མཆོག་བློ་ལ་ཤར་བའི་མིག་སྦྱིན་པ།། ཡི་གེའི་གཟུགས་འདི་བཟོ་ཡི་སྤྲུལ་སྐུ་ཡིན།། ཞེས་གསུངས་པ་ཡང་། ཕལ་བོ་ཆེའི་ནང་དོན་དང་གཅིག་བསྟན་ཡོད་ནི་རེད། གལ་ཏེ་ཆོས་སྲིད་ཀྱི་གཙུག་ལག་དེ་དག་ངག་རྒྱུན་ཙམ་ལ་བརྟེན་ན་ཉམས་རྒུད་ཀྱི་ཚད་ཤིན་ཏུ་མྱུར་བ་ཡིན། དེ་བས་དམ་པ་གོང་མ་རྣམས་ཀྱིས་ཀྱང“འབྲི་ཀློག་གཉིས་ཀ་ཡོན་ཏན་ཀུན་གྱི་གཞི་མ”ཞེས་གལ་བོ་ཆེ་ལ་ནན་ཏན་དུ་གསུངས་ཡོད་པ་འང་གནད་འགག་འདི་ལ་ཐུག་ཡོད་ནི་རེད།   དེང་གི་གློག་ཀླད་དང་ཁ་པར་སོགས་ལ་དགེ་མཚན་དུ་མ་ཡོད་པ་བདེན་ཏུ་ཆུགས་ཀྱང་། ཞོར་འཕྲོས་ཀྱི་སྐྱོན་ཆའང་མང་དུ་ཡོད་དེ། ང་རང་ཉིད་ཀྱི་ཉམས་མྱོང་ལྟར་ནའང་དཔེ་ཆའི་ངོས་སུ་ཡི་གེ་བལྟས་པ་ནི། གློག་ཀླད་དང་ཁ་པར་སོགས་ལས་བལྟས་པ་ལས་འཕྲོད་བསྟེན་དང་སེམས་ཁམས། མིག་ལ་འཕྲོད་ཚུལ་སོགས་ལ་ཁྱད་པར་ཆེན་པོ་ཡོད། ང་ཚོས་འདིའི་ཕྱོགས་ནས་བོད་རང་གི་སྲོལ་རྒྱུན་གྱི་ཡི་གེ་འབྲི་སྲོལ་དང་། བསྟན་བཅོས་ཀྱི་དཔེ་ཆ་ཇི་སྙེད་ཅིག་རྒྱུད་འཛིན་དར་སྤེལ་གཏོང་བའི་ཕྱོགས་ལ་མནོ་བསམ་ཀྱི་སྒོ་མོ་ལེགས་པར་ཕྱེ་དགོས་པར་འདོད་དོ། ། 

      མཇུག་མཐར་བོད་གངས་ཅན་གྱི་གཞོན་ནུ་རྣམས་ཀྱི་བོད་ཀྱི་རིག་གནས་ཀྱི་སྤྱི་ཆིངས་སམ་ཉག་ཐག་ཏུ་གྱུར་བ་བོད་ཀྱི་ཡི་གེའི་གཟུགས་འདི་མི་ཉམས་པར་དར་སྤེལ་གང་ལེགས་གཏོང་དགོས་ཤིང་གཏོང་ཀྱང་ཐུབ་པའི་རེ་འདུན་སྙིང་ནས་ཞུའོ།།   །།