ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > རྒྱུན་ཤེས།

དེང་སང་དུས་རབས་དང་བསྟུན་དགོས་ཞེས་དགོན་སྡེ་ཀུན་གྱིས་ཚོང་བྱེད་པ་དང་། བུན་གཏོང་བ། གཏེར་སྒྲུབ་པ་སོགས་སྣ་སྒོ་མོ་ནས་རང་ཁ་རང་གསོ་བྱེད་པ་དེ་འགྲིག་གམ།

སྤེལ་དུས། 2013-09-15 11:31:38  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

    སངས་རྒྱས་ཀྱིས་དགེ་སློང་གིས་མི་རུང་ཞིང་།  ཁྱིམ་པར་འཚོ་ཐབས་སྒྲུབ་པར་རྣམ་པ་བཞི་གསུངས་ཡོད་དེ།  དེ་ནི་ཞིང་ལས་དང་ཕྱུགས་ལས།  ཚོང་བྱེད་པ་དང་བུན་གཏོང་བའོ།དཔེ་ཆོས་ལས།  རབ་ཏུ་བྱུང་བ་ཀུན་གྱིས་གང་ཡང་དགེ་འདུན་གྱི་ཆེད་ཡིན་ཟེར་ནས་སྡིག་པ་ལ་མི་འཛེམ་པ་འདིས་ཀྱང་ནམ་ཞིག་གྱོད་ཅིག་ལ་གཏུག་པར་མཆི་ན་གསུངས་པ་ལྟར།  ད་ལྟ་གྲྭ་བས་ཚོང་དང་བུན་གཏོང་བ།  བསང་རྫས་གཏེར་བུམ།  མ་ཎི་འཁོར་ལོ་སོགས་ཚོང་རྫས་སུ་བསྒྱུར་ཏེ་ཁེ་སྤོགས་བླངས་ནས་དགེ་འདུན་མང་ལ་མཆོད་པ་ནི།  ལོག་ འཚོས་སྒྲུབ་པའི་འཚོ་བ་མ་དག་ཡིན།  དེ་ནི་ཚུལ་ཁྲིམས་ཀྱི་བརླ་ཤ་བཅད་ནས་ལྟོགས་སྐོམ་གསོད་པའམ།  སྦལ་བ་རྨ་ཅན་གྱི་དཔེར་འགྱུར་ཏེ།  སློབ་དཔོན་ཀླུ་སྒྲུབ་ཀྱིས་གསེར་འགྱུར་གྱི་རྩི་ལ་བརྟེན་ནས་དགེ་འདུན་ལ་འཚོ་བ་སྦྱར་བའང་ལོག་འཚོར་འགྱུར་ན།  དེ་དག་ལྟ་སྨོས་སེམས་སོ།དཔེ་ཆོས་ལས།  སྤྱིར་སོ་ནམ་རྣམ་བཞི་སྤངས་པ་ཞིག་ལ་རབ་བྱུང་བ་ཟེར་བ་ཡིན།  ཕྱི་རོལ་གྱི་འདོད་པ་སྤངས་པ་ཞིག་ལ་དགེ་སློང་ཟེར་བ་  ཡིན།  ཞེས་དང་།  འོ་སྐོལ་རབ་བྱུང་བྱ་བ་སོ་ནམ་རྣམ་བཞིའི་བྱ་བ་བོར།  བདོག་པའི་དངོས་བོ་མཆིལ་མའི་ཐལ་བ་བཞིན་དུ་སྤངས་ནས།  འཚོ་བ་ངན་ངོན་ཙམ་གྱིས་ཆོག་ཤེས་པར་བྱེད་དགོས་པ་ཡིན་པ་ལ།  དེ་དག་གལ་ཆེ་སྟེ།  སླར་རབ་ཏུ་བྱུང་ནས་འདོད་པ་ལ་ཆགས་ཞེན་ཇེ་ཆེ་ཁོ་ན་འགྲོ་བ་མང་སྟེ།  དཔེར་ན།  མི་ཀུན་ལ་གཞན་གྱིས་ཁ་མཆུ་གཏོང་།  སྙིང་མ་འདོད་ཙམ་ན།  བན་དེ་བས་ཀྱང་མི་སྐྱ་དྲག་ཟེར་བ་ལྟར།  དུས་ད་ལྟ་ཁྱིམ་པ་ཀུན་བས་ཀྱང་རབ་ཏུ་བྱུང་བ་ཕྱུག་པ་འདི་ཚོ་སྡོམ་པ་ག་ནས་བཙལ།  གསུངས་ལ།  ཚུལ་འདི་ལ་དགོངས་ནས།  ཞབས་དཀར་བས་ཀྱང་།  དུས་དེང་སང་གྲྭ་བ་ལ་ལ་ཡིས།ཟོང་མང་བོ་བསྡུས་ནས་ཁེ་ཚོང་བྱེད།ནང་ལ་ལ་ཚོང་ཁང་ཞིག་དང་འདྲ།འདིར་བལྟས་ན་གཟུགས་བརྙན་ཙམ་དུ་གདའ།གསུངས་ལ།  སྤྱིར་ན།  བཅོམ་ལྡན་འདས་ཀྱིས་ཁོའི་རྗེས་འཇུག་པ་རྣལ་མ་ཞིག་ཡིན་ན་མུག་ཤི་ཐེབས་པ་མི་སྲིད་པར་ཞལ་
གྱིས་འཆེས་ཡོད་དོ།