ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > རྒྱུན་ཤེས།

མི་ཤི་ཚེ་སྐྱེས་པ་སྔ་ཕྱི་གཉིས་ཀྱི་མཚམས་སུ་བར་དོ་བ་ཟེར་བ་ཞིག་ཡོད་པ་ག་འདྲ་ཡིན་པ་དང་། དེ་ལ་ འཇིགས་སྣང་དང་མ་ངེས་པའི་རྟགས་གང་དག་ཡོད་དམ།

སྤེལ་དུས། 2013-09-15 11:33:12  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

    དེ་ནི་སྐྱེས་པ་སྔ་མ་ཤི་འཕོས་ནས་ཕྱི་མར་སྐྱེ་ལེན་མ་ཐུབ་གནས་པ་དེ་ལ་བར་དོ་བ་ཟེར་ལ། དེ་ཡང་སྐྱེས་བོ་ཐ་མལ་བ་རྣམ་ཤེས་ཕུང་བོ་དང་བྲལ་ཏེ་བར་སྲིད་པ་དེ་ཞག་བདུན་ཕྲག་བདུན་ནས་བདུན་ཕྲག་བདུན་སྡོད་ཤིང་།  སྐྱེས་པ་ལེན་པའི་རྐྱེན་དང་འཕྲད་ན་གང་འདོད་ལ་ངེས་པ་མེད་ལ།   བར་སྲིད་པ་དེའི་ལུས་ནི་ཡིད་ཀྱི་རང་བཞིན་གྱི་ལུས་ཡིན་པས་གང་ལ་བསམ་པ་དེ་ལ་ཐོན་ཐུབ་པ་དང་། མི་ཤིག་པའི་རླུང་སེམས་ཕྲ་མོའི་  རྟེན་བྱས་པའི་དབང་བོ་ཀུན་ཚང་ལ།  ལས་ལས་སྐྱེས་པའི་རྫུ་འཕྲུལ་དང་ཞིང་།  མའི་མངལ་སྒོ་དང་རྟེན་ གསུམ་བྱིན་ཅན་མ་གཏོགས་ས་རྡོ་བྲག་རི་སོགས་ལ་ཐོགས་རྡུགས་མེད་པ།  རང་དང་རིས་མཐུན་དང་ལྷ་  མིག་དག་པས་མཐོང་བ་ལ།  འགྲོ་ཚུལ་གྱི་དབང་དུ་ཕན་བཏང་ན་ལྷའི་བར་དོ་གྱེན་དང་།  མིའི་བར་དོ་ཐད་ཀ  ངན་འགྲོའི་བར་དོ་མགོ་གཞུག་ལྡོག་ཏེ་འགྲོའོ། ཁ་དོག་སྣང་ཚུལ་གྱི་ཁྱད་པར་ནི།  དམྱལ་བའི་བར་དོ་ནི་སྡོང་དུམ་ཚིག་པ་ལྟ་བུ་དང་།  དུད་འགྲོའི་བར་དོ་ནི་དུ་བ་ལྟ་བུ།  ཡི་དྭགས་ཀྱི་བར་དོ་ནི་ཆུ་ལྟ་བུ། འདོད་པའི་ལྷ་དང་མིའི་བར་དོ་ནི་གསེར་ལྟ་བུ།  གཟུགས་ཁམས་པའི་བར་དོ་ནི་དཀར་བོར་སྣང་བར་བཤད་དོ།བར་དོ་བ་དེ་ཕྱི་མར་རིགས་དྲུག་གང་དུ་སྐྱེ་འགྱུར་གྱི་འཆར་སྣང་གསལ་བོར་ཡོད་པ་དང་།  གལ་ཏེ་ངན་  སོང་གསུམ་གྱི་བར་དོ་གྲུབ་པ་ཡིན་ན།  ཡུལ་མིས་གཤིན་ཆོས་སྟོབས་ལྡན་བསྒྲུབས་ན་ལས་ངན་བཟློག་ནས་སྐྱེ་བ་བཟང་བོར་བསྒྱུར་ཐུབ་པར་བཤད་ལ།  དཔེར་ན།  ཆུའི་ཀོ་གྲུ་བཞིན་ཆུ་ནང་དུ་གནས་སྐབས་ཁ་ལོར་བསྒྱུར་སླ་ལ།  དེ་ཉིད་སྐམ་སར་བླངས་སྐབས་བསྒྱུར་དཀའ་བ་བཞིན་ནོ།
བར་དོའི་མིང་གི་རྣམ་གྲངས་ལ། ཡིད་ལས་བྱུང་བ།  དྲི་ཟ།  སྲིད་འཚོལ། སྲིད་པ་བར་མ།  མངོན་པར་  འགྲུབ་པའི་སྲིད་པ་རྣམས་ཟེར་ལ།  བར་དོ་བ་དེ་ལ་ས་རླུང་ལོག་པས་རྐྱེན་གྱིས་རི་ཉིལ་བ་འམ་ཁང་བའི་  རྡིབ་འོག་ཤོར་བའི་སྣང་བ།  མེ་རླུང་ལོག་པས་མེར་སྲེག་པའི་སྣང་བ།  ཆུ་རླུང་ལོག་པས་ཆུ་ཆེན་གྱིས་འཁྱེར་བའམ་བྱིང་བའི་སྣང་བ།  རླུང་གིས་རླུང་ལོག་པས་རླུང་ཆེན་གྱིས་འཁྱེར་བའི་སྣང་བ་སྟེ་འཇིགས་པ་རྣམ་པ་བཞི་འབྱུང་ལ། གཞན་ཡང་ངུས་པའི་མཆི་མ་རྣམས་རྣག་ཁྲག་གི་ཆར་དུ་འབེབ་པ།  རྫ་རི་སྔོ་སངངེ་བ་དང་།  རྫ་ཆུ་ཁྲ་ལ་ལ་འབབ་པ།  འཇག་མས་ཀི་ཤད་བྱེད་པ་སོགས་ཀྱང་འབྱུང་བར་བཤད་དོ།
བར་དོ་བ་དེ་མ་ངེས་པའི་རྟགས་ཀྱང་དྲུག་འབྱུང་བར་གསུངས་ཏེ།  གནས་ལ་ངེས་པ་མེད་པ་རི་རྩེ་ཐང་ སྟོང་སོགས་སུ་ཡུད་ཙམ་ལས་སྡོད་དབང་མེད་པ།   རྟེན་ལ་ངེས་པ་མེད་པ་ཟམ་ཟུར་མཆོད་རྟེན་ལ་ཡུད་  ཙམ་བརྟེན་དབང་མེད་པ།  སྤྱོད་ལམ་མ་ངེས་པ་ཅུང་ཟད་རྩུབ་མོས་འགོག་པཡིས་འགྱུར་ལྡོག་ཆེ་བ། ཟས་ལ་ངེས་པ་མེད་པ་མ་བསྔོས་ན་སྤྱོད་དབང་མེད་པ།  གྲོགས་ལ་ངེས་པ་མེད་པ་ལྷ་དང་འདྲེ་སྲིན་བར་དོའི་འགྲོ་བ་སྣ་ཚོགས་ལ་ཡུད་ཙམ་ལས་འགྲོགས་དབང་མེད་པ།སྣང་ཚུལ་ལ་ངེས་པ་མེད་པ་ཡིད་ཀྱི་འཆར་སྒོ་བདེ་སྡུག་སྣ་ཚོགས་སྐད་ཅིག་ལ་འགྱུར་ལོག་རྒོད་པ་སོགས་བར་དོའི་སྐབས་སུ་མ་ངེས་པའི་རྟགས་དྲུག་འཆར་རོ།