ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > རྒྱུན་ཤེས།

ཁ་ཅིག་མི་གྲོངས་ཚེ་གཤིན་པོ་དེ་བར་དོའི་གནས་སྐབས་ན་ལོ་མང་དུ་བསྡད་ཡོད་པ་དང་གསོན་པའི་རྣམ་པ་དངཆ་འདྲ་བར་མི་ཁོག་ཏུ་བརླམས་ཏེ་སྐད་བསྐུར་བ་སོགས་བཤད་དུ་ཡོད་པ་ནི་བདེན་ནམ།

སྤེལ་དུས། 2013-09-15 11:34:49  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

ཀརྨ་ཆགས་མེད་ཀྱི་མཚུན་བཅོས་ལས།  ལ་ལ་ནི་མི་རབས་མང་བོར་ལུས་མི་ལེན་པར་བར་དོར་འདུག་ དགོས་པའང་ཡོད་ཅེས་བཤད་པ་ནི་ནང་བསྟན་སྤྱིའི་ལུགས་ལྟར་ན་དོན་ལ་མི་གནས་པའི་གཏམ་དང་།  ཞེ་དགུའི་ནང་བར་དོ་བ་དེས་འཕྲིན་དང་ལན་བསྐུར་ཚུལ་རེ་གཉིས་སྲིད་ཀྱང་།  ཕལ་མོ་ཆེར་མི་མ་ཡིན་གྱིས་ གཤིན་པོའི་གཟུགས་སུ་བསྒྱུར་བ་སྟེ། མདོ་ལས།  དྲི་ཟ་ཁྱབ་བྱེད་དང་།  གནོད་སྦྱིན་སྨྲ་འདོད། དྲི་ཟ་འཆི་ ཁའི་སེམས་ལ་ཉེ་བར་འཇུག་པ་རྣམས་ཀྱིས་ཟས་འཚོལ་ཕྱིར་ཚེ་འདས་ཀྱི་ཆ་བྱད་ཇི་ལྟ་བ་བཞིན་མངོན་སུམ་དུ་མཐོང་བ་དང་།  མིའི་ཁོག་ཏུ་བརླམས་ནས་དན་རྟགས་མང་བོ་སྨྲ་བ་ལྟ་བུས་འཇིག་རྟེན་པ་བསླུ་བར་བྱེད་པ་ཡིན།  ཞེས་པ་ལྟར།  དེའི་ཤེས་བྱེད་ནི།  སྔོན་ཤཱཀྱ་དགའ་བྱེད་ཟེར་བ་ཤི་ནས།  ཀུན་ཏུ་རྒྱུ་རྣམས་ཀྱིས་ གཤིན་ཆོས་བྱེད་སྐབས། གཤིན་པོ་དེ་ཀུན་ནས་གཟུགས་དངོས་སུ་སྟོན་པ་ལ་བཟའ་བཏུང་སྟེར་བ་སོགས་བྱ་སྲོལ་ཡོད་པ་དེ་བཞིན་བྱས་ཏེ།  ཉེ་དུ་རྣམས་ཀྱིས་དེ་ཤཱཀྱ་དགའ་བྱེད་དངོས་ཡིན་བསམ་པ་ན།  སྟོན་པས་དྲི་ཟ་ཁྱབ་བྱེད་དང་། གནོད་སྦྱིན་གཏོགས་འདོད་སོགས་ཀྱི་གཤིན་པོར་བརྫུས་པ་ཡིན་གསུངས་པ་དང་།     གཞན་ཡང་།  རྗེ་མི་ལས་བོན་གྱི་ཁྱིམ་ཚང་ཞིག་ནས་མི་མ་ཡིན་གཤིན་པོར་བརྫུས་པ་ཞིག་གི་རྫུན་རྐུབ་བརྟོལ་ཕྱིར།  ཞི་བ་འོད་བཏང་བས།  གཤིན་གཟུགས་དེའི་རྗེ་བཙུན་གྱི་ཟིལ་མ་བཟོད་པར།  ང་འགྲོ་ང་བོན་པོའི་བླ་འཁྱེར་མཁན་སྣང་ཡུལ་གྱི་བདུད་ངར་མི་ཟན་ཡིན་ཟེར་བཞིན།  སྔོ་ཐུལ་ཞོལ་ལེ་སོང་བ་དེད་པས།  རི་ ལོགས་ཤིག་ཏུ་སྤྱང་ཀིར་སོང་བ་ལྟ་བུ་དང་།  ཁྲུས་ཆོག་ལས་ཀྱང་། ཚེ་ལས་འདས་པའི་ཆ་བྱད་བཟུང་ནས།  དེའི་ཉེ་འབྲེལ་དང་། འཇིག་རྟེན་པ་རྣམས་བསླུ་ཞིང་གནོད་པར་བྱེད་པའི་གནོད་སྦྱིན་དང་། ཤ་ཟ་དང་།   འབྱུང་བོ་ལ་སོགས་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ།  གནོད་པ་དང་འཚེ་བའི་བསམ་པ་  ངན་པ་ཐམས་ཅད་སྤོང་ལ།  ཞེས་གསུངས་པ་ལྟ་བུའོ།།