ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > དཔར་སྐྲུན།

མིག་སྔར་དཔར་ཟིན་པའི་དཔེ་ཆ།

སྤེལ་དུས། 2013-03-08 20:38:59  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

མཛད་པ་པོའི་ལོ་རྒྱུས། ལྕང་སྐྱ་དགེ་འདུན་བཀྲ་ཤིས་ནི། ༡༩༧༠ ལོར་རེབ་གོང་ལྕང་སྐྱར་སྐྱེས། ༡༩༨༦ལོར་རོང་བོ་དགོན་ཆེན་དུ་ཞུགས། རེབ་གོང་དང་བླ་བྲང་དུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ལ་སྦྱང་། [ཚེ་སྲོག་ལ་འཁྱིལ་བའི་ཟུངས་ཁྲག]དང་། [བརྡ་ དག་ཕྱེ་མ་ལེབ་གྱི་མཆན་འགྲེལ་དང་སུམ་རྟགས་ཀྱི་དྲིས་ལན]གཉིས་པར་སྐྲུན་བྱས། ད་ལྟ་རེབ་གོང་ཤེས་ཤིག་གླིང་ན་ཕྱག་ལས་གནང་བཞིན། ཞོར་དུ་དགོན་སྡེ་དང་སློབ་གྲྭ་ཁག་ལ་སློབ་ཁྲིད་གནང་མུས་སུ་མཆིས། དཔེ་དེབ་ཀྱི་བརྗོད་བྱ། ཉིས་སྟོང་བཞི་ལོར་ང་ཚོས་པར་སྐྲུན་གནང་བ་ནི་དཔེ་ཆ་གཉིས་སྟེ། གཅིག་ནི་ལྕང་སྐྱ་དགེ་འདུན་བཀྲ་ཤིས་ལགས་ཀྱིས་བརྩམས་པའི་[བརྡ་དག་ཕྱེ་མ་ལེབ་ཀྱི་མཆན་འགྲེལ་དང་སུམ་རྟགས་ཀྱི་དྲི་བ་དྲིས་ལན]ཞེས་པ་འདི་ཡིན་ལ། དེབ་འདིའི་བརྗོད་བྱ་ནི། བོད་ཀྱི་བརྡ་སྤྲོད་རིག་པ་དང་སུམ་རྟགས་ཀྱི་དཀའ་གནད་འགའ་དྲི་བ་དྲིས་ལན་གྱི་ཚུལ་དུ་བརྗོད་པ་ཞིག་ཡིན། དེ་ཡང་བོད་ཀྱི་སྤྱི་སྐད་དང་མཐུན་ཞིང་དག་ཡིག་ཁུངས་མ་དང་གཏུགས་ཏེ་འགྲེལ་བཤད་བྱས་ཤིང་། ཁྱད་པར་དུ་བོད་ཆོལ་ཁ་གསུམ་གྱི་ཡིག་སྐད་དང་བསྟུན་ཅི་ཐུབ་ བྱས་ཏེ། རྩོམ་པ་པོས་སྙིགས་དོར་བཅུད་ལེན་གྱིས་གོ་སླ་ཞིང་རྒྱུགས་ཆེ་བའི་མིང་ཚིག་བེད་སྤྱོད་བཏང་ཡོད། སུམ་རྟགས་ཀྱི་སྐོར་ཡང་ཕལ་སྐད་དང་མ་འདྲེས་པའི་སྒོ་ནས། བོད་ཀྱི་སུམ་རྟགས་ཀྱི་དཀའ་གནད་དཀྲོལ་ཅི་ཐུབ་ཀྱིས་དཔྱད་པ་མཛད་དེ། གོ་སླ་བ་བྱས་ཡོད་པས། བོད་རིག་པ་དོན་གཉེར་ཅན་ཞིག་ལ་མཚོན་ན། སྔ་ན་མེད་པའི་ཤེས་རིག་གི་སྒོ་མོ་གསར་བ་ཞིག་འབྱེད་ངེས་པས། དཔེ་དེབ་འདི་པར་སྐྲུན་བྱས་པས། བོད་ཀྱི་སློབ་གྲྭ་དང་། དགོན་སྡེ། བོད་ཡིག་སྦྱངས་འདོད་པ་སུ་ཡིན་ཡང་དགེ་མཚན་འབྱུང་བ་གདོན་མི་ཟའོ།། མཛད་པ་པོའི་ལོ་རྒྱུས། རྡོ་རྗེ་རྒྱལ་ནི་༡༩༦༣ལོར་རེབ་གོང་ཞོ་འོང་དུ་སྐྱེས། ༡༩༨༡ལོར་རམ་དགེ་སློབ་གྲྭ་ནས་མཐར་ཕྱིན་ཏེ་དགེ་རྒན་གྱི་ཕྱག་ལས་གཉེར། ལས་ཞོར་དུ་ཤར་གདོང་རིན་པོ་ཆེ་སོགས་ཀྱི་ཞབས་ལ་གཏུགས་ཏེ། རིག་གནས་མཐའ་དག་ལ་སྦྱངས། སྔ་གཞུག་ཨ་མི་རི་ཀ་སོགས་རྒྱ་ཁབ་ཕྱི་ནང་གི་ཚོགས་འདུ་མང་བོར་ཞུགས་པ་དང་། [དགེ་ཆོས་རྣམ་ཐར]དང[སྒྲ་རིག་སྨྲ་རྒྱན]སོགས་བརྩམས། ད་ལྟ་རྨ་དགེ་སློབ་གྲྭ་ན་དགེ་རྒན་གྱི་ཕྱག་ལས་གཉེར་བཞིན་ཡོད། དཔེ་ཆའི་བརྗོད་བྱ། དེབ་གྲངས་གཉིས་པ་ནི་རེབ་གོང་བ་རྡོ་རྗེ་རྒྱལ་གྱིས་བརྩམས་པའི[འཛམ་གླིང་དུང་ཟླ་དཀར་བོ]ཞེས་པ་དེ་ཡིན། དཔེ་དེབ་འདིའི་བརྗོད་བྱ་ནི། མཁས་དབང་དགེ་ཆོས་ ཀྱིས་མཛད་པའི་རྒྱལ་རབས་དེབ་དཀར་གྱི་རྩོམ་འཕྲོ་ཁ་སྐོང་དང་། ཁོང་གི་མི་ཚེའི་ རིན་ཐང་དང་སྡོམ་ཚིག དེབ་དཀར་དང་འབྲེལ་བའི་ལོ་ཚིགས་སྐོར་སོགས་ཁྱོན་བསྡོམས་རྩོམ་ཡིག་མི་འདྲ་བ་དགུ་ལྷག་བསྡུས་ཡོད། དཔེ་དེབ་འདིའི་ནང་བོད་ཀྱི་རྒྱལ་རབས་སྐོར་ལ་ཁ་གསལ་ཞིང་དེང་རབས་སྤྱི་ཚོགས་ཀྱི་བཤད་སྟངས་དང་མཐུན་པའི་དཔྱད་བརྗོད་འབུར་དུ་ཐོན་ཡོད་པར་མ་ཟད། མཁས་དབང་དགེ་ཆོས་ལགས་ཀྱི་བོད་རིག་པར་བཅངས་པའི་མཛད་འཕྲོ་བསྐྱངས་ཏེ། བོད་ཀྱི་ལོ་རྒྱུས་སྟེང་གནད་དུ་འབེབས་པའི་དཔྱད་པ་མཛད་ཡོད་པ་དང་། ཁྱད་པར་དུ་བོད་ཀྱི་རྒྱལ་རབས་ལོ་ཚིགས་སྐོར་གྱི་བཞེད་པ་འདྲ་མིན་སྣ་ཚོགས་ཁོལ་དུ་ཕྱུང་ཏེ། རང་ལུགས་འཐད་ལྡན་དུ་བཞག་ནས་ཡིག་ཚོགས་བསྐྱུངས་ཤིང་དོན་ལ་གཞོལ་བ་བྲིས་ཡོད་པས། ལོ་རྒྱུས་སྨྲ་བ་དག་ལ་སྔ་ན་མེད་པའི་དཔྱད་གཞིའི་རྒྱུ་ཆ་རིན་ཐང་མེད་པ་ཞིག་བཞག་ཡོད། དཔེ་དེབ་ཞལ་འབྱེད། ༢༠༠༤ལོའི་ཟླ་༦པའི་ཚེས༡༧ ཉིན་ཤེས་རིག་གླིང་གི་སྒོ་འབྱེད་མཛད་སྒོ་དང་བསྟུན་ནས། སྐྱབས་མགོན་བརྒྱད་པ་ཆེན་པོ་བསྟན་འཛིན་འཇིགས་མེད་སྐལ་ལྡན་མཆོག་གིས་ཕྱག་བསྟར་མཛད་དེ། [འཛམ་གླིང་དུང་ཟླ་དཀར་བོ]དང་། [ཕྱེ་མ་ལེབ་གྱི་མཆན་འགྲེལ་དང་སུམ་རྟགས་ཀྱི་དྲིས་ལན]ཞལ་འབྱེད་གནང་བར་མ་ཟད། རྩོམ་པ་པོ་གཉིས་ལ་བསྔགས་བརྗོད་གནང་། ཉིན་དེའིཚོགས་ཞུགས་པ་ལྔ་བརྒྱ་ཙམ་ལ་དཔེ་དེབ་རེ་རེ་ལེགས་སྐྱེས་སུ་ཕུལ།